༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་སིམ་ལ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་སིམ་ལ་གཏན་སློབ་དབུ་བརྙེས་ཏེ་ལོ་ལྔ་བཅུ་འཁོར་བའི་དགྱེས་སྟོན་གྲ་སྒྲིག་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༡༩༥༩ ལོའི་དུས་ངན་གྱི་རྐྱེན་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མི་རིགས་བསྟན་སྲིད་སྲུང་སྐྱོབ་སླད་རྒྱ་གར་འཕགས་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་འཕྲལ་མ་འོངས་སྔོན་གཟིགས་ཀྱིས་དང་ཐོག་སློབ་གྲྭ་ཁག་གསར་འཛུགས་བསྐྱངས་པའི་ནང་ནས་ཐེང་གཉིས་པར་སིམ་ལ་གཏན་སློབ་འདི་བཞིན་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡ ཉིན་གསར་དུ་སྒོ་འབྱེད་བཀའ་དྲིན་ཆེ་བ་དང། དེ་ནས་ཕྱི་ལོ་ ༡༩༦༢ ཟླ་ ༥ ཚེས་ ༥ ཉིན་ནས་རྒྱ་གར་དབུས་གཞུང་གིས་འཛིན་སྐྱོང་འོག་དབུས་བོད་སློབ་འཛིན་སྐྱོང་ཚོགས་པས་ཐུགས་འགན་བཞེས་པ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ བར་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དགྱེས་སྟོན་ཞིག་སློབ་ཟུར་མཐུན་ཚོགས་ཀྱི་འགན་འཁུར་འོག་ཚུགས་བཞིན་ཡོད། སློབ་གྲྭ་འགོ་ཚུགས་པ་ནས་ད་བར་སློབ་མ་ངོ་གྲངས་ ༦༨༡༦ ལྷག་བསླབ་པ་ཐར་སོན་བྱུང་འདུག
ལྔ་བཅུའི་མཛད་སྒོ་འདི་ཚུགས་དགོས་པའི་རྒྱུ་མཚན་གཙོ་བོ།
སློབ་གྲྭ་འདི་ནས་ཐོན་དང་འཐོན་བཞིན་པའི་སློབ་མ་ཡོངས་ནས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང། རྒྱ་གར་གཞུང་མང་གི་བཀའ་དྲིན་རྗེས་དྲན། དེ་བཞིན་འདས་དང་ད་ལྟའི་དབུ་དགེ་ལས་བྱེད་རྣམ་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུའང་ཡིན་པ་དང། ལྷག་པར་སློབ་ཟུར་ནང་ཁུལ་འབྲེལ་ལམ་བཟང་པོ་ཞིག་བསྐྲུན་ཏེ་སློབ་གྲྭ་འདི་ཉམས་རྒུད་དུ་མ་སོང་བར་གོང་འཕེལ་གཏོང་ཐབས་ལ་ང་ཚོ་སློབ་ཟུར་ངོས་ནས་ཞབས་ཞུ་གང་དག་ཞུ་དགོས་མིན་གྱི་ཆེད་དུ་ཡང་དམིགས་པ་ཞིག་ཡིན་འདུག མཛད་སྒོ་ཉིན་དང་པོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་གྲོང་གསེབ་ཡར་རྒྱས་དང་སྡེ་དཔོན་གྱི་བློན་ཆེན་ Mr. Jai Ram Thakur དང་ཆེས་བཀུར་འོས་སྐུ་མགྲོན་དུ་བཀའ་ཁྲི་ཟུར་པའམ་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་མཆོག་གིས་གཙོས་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པའི་ལས་ཚབ་སྐུ་ཞབས་ A.S.Rawat དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་སོགས་མགྲོན་འབོད་ཞུས་ཡོད།
མཛད་སྒོར་དམིགས་ཏེ་སློབ་ཟུར་གང་ན་སུ་བཞུགས་ཀྱིས་འབྲེལ་ལམ་འགོ་འཛུགས་སྐོར།
གུས་ཚོ་ས་གནས་སུ་ཡོད་བཞིན་པའི་སློབ་ཟུར་འགའ་ཤས་ཤིག་ནང་ཁུལ་སྐད་ཆ་བྱུང་བ་བཞིན་སློབ་གྲྭའི་སློབ་སྤྱི་དང་རེག་ཊར། དེ་བཞིན་རྒན་ལགས་རྣམ་པར་ད་ལོ་ ༢༠༡༢ ལོའི་ནང་སློབ་གྲྭ་འདི་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བརྩི་སྲུང་གནང་གི་རེད་དམ། ཞེས་བཀའ་དྲིས་ཞུས་པའི་ལན་དུ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་བརྩི་སྲུང་ཞུ་འཆར་ཡོད། དུས་དྲན་བརྩི་སྲུང་བྱ་རྒྱུའི་ལས་འགན་དེ་སློབ་ཟུར་ཚོས་གནང་ན་གང་ལེགས་ཡོང་བ་ཞེས་རེ་འདུན་གནང་བ་བཞིན། ང་ཚོ་སློབ་ཟུར་འགའ་ཤས་ཤིག་གིས་ཀྱང་ནང་ཁུལ་གོ་བསྡུར་བྱས་ཏེ་བོད་རིགས་སློབ་སྤྱི་རེག་ཊར་ལ་སྙན་སེང་ཞུས། རེག་ཊར་དང་རྒན་ལགས་ཚོའི་ལམ་སྟོན་གནང་བ་ལྟར་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ ཚེས་ ༤ ཉིན་ས་གནས་འགོ་འཛིན་དང་རེག་ཊར་དབུ་བཞུགས་ཀྱིས་སློབ་གྲྭའི་དགེ་ལས་དང་། ས་གནས་ཀྱི་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་མི་དང་། དེ་བཞིན་ས་གནས་སུ་ཡོད་པའི་སློབ་ཟུར་གང་མང་བཅས་ལྷན་འཛོམས་ཀྱིས་ད་ཡོད་ང་ཚོ་སློབ་ཟུར་མི་ལྔ་ལ་ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་གི་འཐུས་མིར་འོས་ཤོག་གིས་ཐོག་ནས་འདེམས་ཐོན་བྱུང་བ་ལྟར་ང་ཚོ་ལྔས་ཀྱང་ཁས་ལེན་ཞུས་ཏེ་ག་ཚོད་འཇོན་པ་དང་ཐུབ་པའི་སྒོ་ནས་གོ་སྒྲིག་ཞུ་རྒྱུ་ཡིན། འོན་ཀྱང་ང་ཚོར་སློབ་སྟོན་གནང་མཁན་སློབ་གྲྭའི་དགེ་ལས་ཀྱང་དགོས་ཀྱི་འདུག་ཅེས་ཞུས་པ་ལྟར་མང་མོས་འོས་བསྡུའི་ཐོག་ནས་སློབ་དགེ་གཉིས་དང་དེའི་སྟེང་དུ་རེག་ཊར་དང་རྒྱ་གར་པའི་སློབ་སྤྱི། ས་གནས་འགོ་འཛིན། ལམ་སྟོན་པ་དང་བཅས་ལས་གོ་སྒྲིག་ཚོགས་ཆུང་འདི་གྲུབ་པ་ཞིག་རེད།
མཛད་སྒོར་དམིགས་ཏེ་དཔལ་འབྱོར་བསྡུ་རུབ་ཀྱི་སྐོར།
སློབ་གྲྭའི་ལྔ་བཅུའི་མཛད་སྒོའི་ཞལ་འདེབས་དང་ཤོས་དེ་ཨ་རིར་ཡོད་པའི་སློབ་ཟུར་སྐལ་བཟང་དོན་གྲུབ་སྤུན་མཆེད་གསུམ་ནས་རྟེན་འབྲེལ་དང་བཅས་ཏེ་སྒོར་འབུམ་གསུམ་གནང་བ་དེ་དག་མ་རྩར་བརྩིས་ནས་མཛད་སྒོའི་དགོས་མཁོ་བསྒྲུབས་པ་ཡིན། སིམ་ལའི་མི་མང་གྲོང་ཁྱིམ་ངོ་རེ་དང། སྤྱི་སྒེར་གྱི་ཚོགས་པ་སྐྱིད་སྡུག་བཅས་ཚང་མའི་ས་ནས་ཀྱང་མཛད་སྒོར་དམིགས་པའི་ཞལ་འདེབས་མི་ཉུང་བ་གནང་བསྡུས་བྱུང། ལྷག་པར་རྒྱལ་སྤྱིར་ཁྱབ་སྟེ་བཞུགས་བཞིན་པའི་སློབ་ཟུར་སོ་སོའི་ངོས་ནས་གང་ཐུབ་ཀྱིས་ཞལ་འདེབས་མུ་མཐུད་དེ་འབྱོར་བཞིན་འདུག་པས་ཞལ་འདེབས་ཀྱི་རྩིས་ཁྲ་ཁ་གསལ་རྗེས་སུ་གསར་ཤོག་གམ་དྲ་རྒྱའི་ཐོག་གསལ་བསྒྲགས་ཞུས་ཆོག་པ་དགོངས་འཇགས་ཞུ།
ད་བར་གྱི་ལྔ་བཅུའི་གོ་སྒྲིགས་ཚོགས་ཆུང་ནས་བྱ་བྱེད་རྣམ་གཞག་ཁག་སྙིང་བསྡུས་སྐོར།
ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ ཚེས་ ༤ ནས་ད་ལྟའི་བར་གྱི་དུས་ཡུན་ཐུང་ངུ་དེའི་ནང་མཛད་སྒོར་དམིགས་པའི་ལས་དོན་ཚར་ཡོད་པ་རྣམས་གཤམ་གསལ།
༡) སློབ་གྲྭར་སྡིངས་ཆ་འདི་གསར་བསྐྲུན་ཞུས་ཡོད། ༢) ད་ལྟའི་མཛད་སྒོར་དམིགས་པ་དང་རྗེས་སུ་སློབ་གྲྭའི་མཛད་སྒོ་ཅི་རིགས་ལ་སྨན་པའི་ཆེད་རྒྱང་བསྒྲགས་ཡོ་ཆས་ཆ་ཚང་གསར་ཉོ་ཞུས་ཡོད།
༣) ཕ་མ་ཉམ་ཐག་ཅན་གྱི་སློབ་ཕྲུག་ཕོ་མོ་གྲངས་ ༡༩ ལ་སྦྱིན་བདག་བཙལ་ཏེ་སློབ་ཕྲུག་སོ་སོར་སྤྲད་ཟིན་པ་བཅས། །
སིམ་ལ་གཏན་སློབ་ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་སྤེལ་བ།
གསར་གནས།
འབྲེལ་གནས།