༢༠༡༢ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེད་གཉེར་གསར་འགོད་པ་བསྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སུ་ཇཱ་བོད་ཁྱིམ་དུ་འཚམས་གཟིགས་དང་སྦྲགས། དགེ་ལས་སློབ་ཕྲུག་ཚོར་གསུང་བཤད་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང༌། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམ་གཉིས་ལ་ཀང་ར་རྫོང་དང་མན་ཌི་རྫོང་གཉིས་ཀྱི་ས་མཚམས་སུ་འབྱོར་སྐབས་གཞུང་ལམ་གྱི་ཟུར་དུ་གཞིས་ལས་ཁང་ཁག་གསུམ་གྱི་ལས་སྣེས་དབུས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སློབ་ཕྲུག་ཁག་གཅིག་གི་བཀྲིས་ཞོལ་པའི་ཕེབས་བསུ་དང་མི་མང་བརྒྱ་ཕྲག་བརྒལ་བས་ཕེབས་བསུའི་འཚམས་འདྲི་དང་་ས་གནས་འགོ་འཛིན་ཁག་གིས་དབུས་ལས་སྣེ་ཡོངས་ཀྱི་མཇལ་དར་ཕུལ། དེ་ནས་སུ་ཇཱ་བོད་ཁྱིམ་གྱི་རྒྱལ་སྒོའི་ནང་སློབ་གྲྭའི་སྤྱི་ཁྱབ་རྒན་བདག་གཉིས་ཀྱིས་དབུས་དགེ་ལས་སློབ་ཕྲུག་ཡོངས་ནས་ལམ་གཡས་གཡོན་དུ་རུ་བསྒྲིགས་ཏེ་ཕེབས་བསུ་ཞུས་རྗེས་སློབ་གྲྭ་ཆེ་ཆུང་གཉིས་ལ་ལྟ་སྐོར་གནང་གྲུབ་མཚམས། ཆུ་ཚོད་ ༦ ཐོག་སློབ་གྲྭའི་འདུ་འཛོམས་ཐང་ཆེན་དུ་དགེ་ལས་སློབ་ཕྲུག་ཡོངས་ལྷན་འཛོམས་ཀྱི་ཐོག་མར་རྟེན་འབྲེལ་གྱི་སློབ་ཕྲུག་བུ་ཞིག་དང་བུ་མོ་ཞིག་གིས་སྙན་ཚིག་དང་སློབ་ཕྲུག་ཁག་གཅིག་ནས་གླུ་གཞས་བཏང་རྗེས་སུ་ཇཱ་བོད་ཁྱིམ་གྱི་དབུ་འཛིན་དངོས་གྲུབ་དབང་འདུས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་འབྲེལ་བཀའ་ཁྲི་མཆོག་དང་ནང་སྲིད་དྲུང་ཆེ་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་ཕུལ་རྗེས། བཀའ་ཁྲི་མཆོག་གིས་རང་ཉིད་ཆུང་དུས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐོག་སློབ་ཕྲུག་ཚོར་སློབ་སྦྱོང་ལ་ཧུར་སྐྱེད་བྱེད་དགོས་པའི་སྐུལ་མ་དང་སྦྲགས། ྋགོང་ས་མཆོག་གིས་ཆོས་སྲིད་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་དེ་ལོ་རྒྱུས་ནང་གི་འཕོ་འགྱུར་ཆེན་པོ་ཕྱིན་པའི་བརྒྱུད་རིམ་སྐོར་དང༌། དེ་བཞིན་གཙོ་བོ་མི་རབས་རྒན་པ་ཚོས་དཀའ་ངལ་བསྐྱོན་པར་བརྟེན་ནས་བོད་མིའི་རྩ་དོན་རྩོད་རྒྱུ་སོགས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་སོགས་ཚགས་ཚུད་འགྲོ་བཞིན་ཡོད་སྐོར་དང༌། བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་གཅིག་སྟེ་སྒྲིལ་དང་གསར་གཏོད། རང་ཁང་རང་གསོ་སོགས་ངོ་སྤྲོད་དང༌། དེ་བཞིན་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གི་ཐོག་ནས་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་སྒྲ་ཁ་གཅིག་གྲག་ཡིན་སྐོར། ང་ཚོས་རྩ་དོན་རྩོད་རྒྱུར་འགན་ཆེན་པོ་ཡིན་སྐོར། སྐབས་ཐོག་སློབ་ཕྲུག་ཚོས་ཤེས་ཡོན་སྦྱོང་རྒྱུར་འབད་པ་ལྷོད་མེད་གནང་དགོས་སྐོར་དང༌། ཉེ་ཆར་བོད་ནས་གླུ་གཞས་བཏང་བའི་ནང་བཀའ་ཁྲི་མཆོག་གི་མིང་འབོད་བྱས་ཡོད་པར་བརྟེན་ཁོང་ལ་ཚོར་སྣང་ཆེན་པོ་ཞིག་ཡོང་གི་ཡོད་སྐོར་གསུང་བཤད་གནང་རྗེས་དྲི་བ་ཁག་ལན་འདེབས་གནང་མཚམས་སློབ་ཕྲུག་ཁག་གཅིག་ནས་མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གླུ་གཞས་ཕུལ་རྗེས་སློབ་སྤྱི་བསོད་ནམས་སྲིད་གཅོད་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་གྲོལ།
སུ་ཇཱ་བོད་ཁྱིམ་ནི་ཕྱི་ལོ་ ༡༩༨༦ ལོར་བཀའ་ཤག་གི་འཛིན་སྐྱོང་འོག་དབུ་འཛུགས་དང་ཕྱི་ལོ་ ༡༩༩༠ བོད་ཁྱིམ་ལ་རྩིས་སྤྲོད་ཀྱིས་་འཛིན་སྐྱོང་གནང་སྟེ་ད་ཡོད་དགེ་རྒན་གྲངས་ ༩༤ དང་ལས་བྱེད་གྲངས་ ༧༦ དགེ་ལས་ཁྱོན་གྲངས་ ༡༧༠ དེ་ཡང་གོ་སྐབས་འཛིན་གྲྭ་ནས་འཛིན་གྲྭ་བཅུ་པ་བར་གྱི་སློབ་ཕྲུག་ཕོ་མོ་གྲངས་ ༡༤༥༩ ཡོད་འདུག