༢༠༡༢ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་གནས་མཆོག་མཚོ་པདྨ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༡ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སུ་འབྱོར་སྐབས། ས་གནས་འགོ་འཛིན་དང་ལས་བྱེད་ཀྱིས་གཙོས་ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང༌། སྤྱི་མི་དགོན་སྡེ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཀྱིས་ལག་ཏུ་མཇལ་དར་ཐོགས་ཏེ་རུ་སྟར་བསྒྲིགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཉིན་སྔ་དྲོ་དབུ་རྩེ་སློབ་དཔོན་པདྨའི་བྲག་ཕུག་ལ་གནས་གཟིགས་གནང་རྗེས་མཚོ་པདྨའི་ཉེ་འཁོར་གྱི་དགོན་པའི་མཁན་བླ་རྣམ་པའི་ཕེབས་བསུའི་འོག་དགོན་པ་ཁག་ལ་ཆོས་མཇལ་ཞུས་གྲུབ་བསྟུན་ཉིན་རྒྱབ་འབྲི་གུང་དགོན་པའི་མདུན་ཐང་དུ་མཚོ་པདྨ་དང་སུན་རྡར་ན་ག་སྒར། མན་ཌི་སོགས་ཁ་འཐོར་གཞིས་ཁོངས་ཀྱི་མི་གྲངས་ ༢༥༠ བརྒལ་བ་ལྷན་འཛོམས་ཐོག་ས་གནས་འགོ་འཛིན་བསྟན་འཛིན་བཟང་མོ་ལགས་ཀྱིས་ཐོག་མར་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན།
༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ཡོད། བཀའ་ཤག་གསར་པར་གཙོ་བོ་མི་མང་གིས་ཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་གནང་བར་བརྟེན་ལས་དོན་ཚགས་ཚུད་འགྲོ་བཞིན་ཡོད། དེ་བཞིན་བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་གསུམ་དང་འབྲེལ་བའི་ལས་དོན་གནང་ཕྱོགས་ཐད་སྙིང་སྟོབས་དགོས་པ་དང༌། དེང་བོད་ནང་རང་ལུས་མེར་སྲེག་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་དང་གསར་ལམ་ཆེ་ཁག་ལ་བོད་དོན་ཁྱབ་བསྒྲགས་རྒྱ་གང་ཆེ་བྱས་པར་བརྟེན་རྒྱབ་སྐྱོར་གང་ལེགས་ཐོབ་ཡོད། བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་གནས་ཡོད་སྟབས། རྒྱ་གར་གྱི་གནད་ཡོད་མི་སྣར་འབྲེལ་ལམ་གང་ལེགས་ཞུས་ཏེ་རྒྱབ་སྐྱོར་སྔར་མུས་འཐོབ་བཞིན་ཡོད། བཀའ་ཤག་གསར་པའི་ངོས་ནས་ཤེས་ཡོན་གལ་ཆེར་ངོས་འཛིན་ཞུ་གི་ཡོད། དེར་བརྟེན་བུ་ཕྲུག་ལ་ཤེས་ཡོན་ཚད་དང་ལྡན་པ་ཞིག་འཐོབ་རྒྱུར་ཕ་མ་དང་དགེ་རྒན་ལས་བྱེད་བཅས་ང་ཚོ་ཚང་མར་འགན་འཁྲི་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་མི་མང་གི་བདེ་སྡུག་གསན་བཞེས་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད། དེ་ནས་མན་ཌི་ས་གནས་འཐུས་ཚོགས་དོན་བརྒྱུད་ཉི་མ་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་ཏེ་ལྷན་ཚོགས་གྲོལ་རྗེས་མཚོ་པདྨ་ས་གནས་ནས་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༦ ཐོག་སྤོན་ཌོ་བཀྲིས་གླིང་གཞིས་ཆགས་སུ་ཕེབས་འབྱོར་སྐབས་མི་མང་གིས་ཕེབས་བསུ་དང་བཅས་དེ་མཚུངས་གསུང་བཤད་གནང་སྟེ་དེ་ཉིན་དགོང་དྲོ་མ་ན་ལིར་ཕེབས་འབྱོར་གནང་ཡོད།
སྤྱིར་བཏང་མན་ཌི་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཁ་འཐོར་བོད་མི་གནས་སྡོད་སུན་རྡ་ན་སྒར་དང་མན་ཌི་མཚོ་པདྨ་བཅས་དང་། དགོན་སྡེ་མཚོ་པདྨར་འཛི་སྒར་བཀྲིས་ཐུབ་བསྟན་ཆོས་འཁོར་གླིང་དང་། འབྲི་གུང་བཀའ་བརྒྱུད་དགོན། ཨོ་རྒྱན་ཧེ་རུ་ཀའི་གྲྭ་ཚང། ཟངས་མདོག་དཔལ་རི། བཙུན་དགོན་རི་ཁྲོད་བྱང་ཆུབ་ཆོས་གླིང། ཕྱི་ལུགས་འཕྲོད་བསྟེན་ཁང་གཉིས་དང་ཉེ་ལམ་གསར་འཛུགས་བྱས་པའི་དབུས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཅིག་དང་མཚོ་པདྨར་བོད་མིའི་འབྲེལ་མཐུད་ལས་ཁུངས་གཅིག ས་གནས་ཡུལ་མི་དེ་དག་གིས། དགུན་ཚོང་དང་ཚོང་ཁང་། ཁ་ཟང་། དེ་བཞིན་ཚོང་ལས་ཆུང་ཙག་རིགས་གཉེར་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པ་མ་ཟད། ས་གནས་སུ་ཁྱོན་མི་གྲངས་ ༨༤༠ ཡོད་འདུག་པ་བཅས། །