༢༠༡༢ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེད་གཉེར་གསར་འགོད་པ་བསྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཅོན་ཏ་ར་ནང་ཆེན་གཞིས་ཆགས་ཚོགས་ཁང་གི་མདུན་ཐང་དུ་ཅོན་ཏ་ར་ནང་ཆེན་གཞིས་ཆགས་དང་ཁྱབ་ཁོངས་དགོན་སྡེ་ཁག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང༌། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། སྤྱི་ཟུར་ཨུ་རྒྱན་སྟོབས་རྒྱལ་ལགས། སྦིར་བོད་ཚོགས་དང་སྡེ་དགེ་གཞིས་ལས་ཁང༌། ཅོན་ཏ་ར་ནང་ཆེན་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་དང༌། ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་པ། དགོན་སྡེ་ཁག་གི་དགེ་འདུན་དང་ས་གནས་མི་མང་བཅས་མི་གྲངས་ ༣༥༠ ཙམ་འདུ་འཛོམས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་གཅིག་གནང་རྗེས་ས་གནས་འགོ་འཛིན་བསྟན་འཛིན་རབ་དགའ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། བཀའ་ཤག་སྐབས་ ༡༤ ངོས་ནས་ཚང་མར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་གི་ཡོད། བཀའ་ཤག་གསར་པ་ཟླ་བ་དགུ་ཙམ་ལས་ཕྱིན་མེད་ཀྱང་ཧུར་སྐྱེད་ཐོག་ྋགོང་ས་མཆོག་གིས་ན་ནིང་ཆབ་སྲིད་སྐུ་དབང་མི་མང་གིས་འདེམས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་སྐབས་མི་མང་ནང་ཧ་ཅང་སེམས་འཚབ་ཆེན་པོ་བྱུང་སྟེ་བསྐྱར་ནན་གསོལ་འདེབས་ཞུས་ཀྱང་ཞལ་བཞེས་མ་མཛད་པར་བཅའ་ཁྲིམས་འགྱུར་བ་ཕྱིན་ཡོད། ད་ལྟའི་བར་སྤྱི་ཡོངས་ནས་བོད་མིའི་སྤྱི་ཚོགས་ལྷིང་འཇགས་པོ་ཞིག་ཆགས་ཡོད། དེས་རྒྱ་ནག་གཞུང་ནས་མི་ཐོག་རྒན་པ་མ་བཞུགས་པ་བསྟུན་བཙན་བྱོལ་སྒྲིག་འཛུག་མེད་པ་ཆགས་ཀྱི་རེད་ཤོད་ཀྱི་ཡོད་པ་མ་ཟད། དེང་སང་དངོས་སུ་འབད་བརྩོན་ཡང་བྱེད་ཀྱི་ཡོད་པ་དེར་ྋགོང་ས་མཆོག་གི་དགོངས་པ་གཞིར་བཟུང་བོད་ཕྱི་ལ་ཡོད་པའི་བོད་མི་ཚོས་ཆིག་སྒྲིལ་ཐོག་ནས་བོད་མིའི་རྩ་དོན་རྩོད་པའི་སྒྲིག་འཛུགས་གནས་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་བྱུང་ཡོད། ཅེས་དང་དེ་བཞིན་བོད་ནང་རང་ལུས་མེ་སྲེག་གི་རང་ལ་ཡོད་པའི་སྲོག་ཚུན་ཆད་བློས་བཏང་གི་ཡོད། ཕྱི་ལ་ཡོད་པའི་བོད་མིས་ཁོང་རྣམས་པའི་འབོད་སྒྲ་དེ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་ཐུབ་པ་བྱ་རྒྱུའི་ལས་འགན་ཡོད་པ་བཞིན། ཨ་རིའི་གྲོས་ཚོགས་ཀྱིས་དབུས་ཡུ་རོབ་དང་ཉི་ཧོང་སོགས་ལ་བསྐྱོད་ནས་རྒྱལ་སྤྱིའི་སྡིངས་ཆ་ནས་རྒྱབ་སྐྱོར་ཐོབ་ཡོད་ལ། འཛམ་གླིང་གསར་ཤོག་གྲགས་ཆེ་བའི་ནང་ཐོན་ཏེ་དྲིལ་བསྒྲགས་གང་ཙམ་བྱུང་ཡོད། དེ་ནས་གཞི་རྩའི་ལྟ་གྲུབ་གསུམ་ངོ་སྤྲོད་དང་འབྲེལ་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན་པ་དང། སྔར་བཞིན་འབྲེལ་ལམ་ཡག་པོ་ཡོད་སྐོར། བཀའ་ཤག་གི་ཤེས་ཡོན་ལ་གལ་ཆེ་ཤོས་སུ་རྩིས་བཞིན་ཡོད་པ་དང། དེ་ལྟར་རྩིས་དགོས་པའི་རྒྱུ་མཚན་ནི་ཕྲལ་ཕུགས་སུ་འཛིན་སྐྱོང་གིས་རྩ་དོན་རྩོད་རྒྱུ་སོགས་ཕྱོགས་གང་ཅིའི་ཐད་ཕན་ནུས་ཐོན་པ་ཞིག་ཡིན་སྐོར་གསུང་བཤད་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་གཡུ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ། དེ་རྗེས་སྦིར་ནང་ཆེན་ཅོན་ཏ་ར་གཞིས་ལས་ཁང་དང༌། ས་གནས་གྲོས་ཚོགས་ཚོགས་ཁང༌། བུམ་མང་དགོན་པ། རྫོང་སར་དགོན་པ། སྨན་རྩིས་ཁང༌། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ་བཅས་ལ་འཚམས་གཟིགས་གནང་ཡོད། ཉིན་རྒྱབ་ཅོན་ཏ་ར་ས་གནས་ནས་ཆུ་ཚོད་ ༢།༣༠ ཐོག་མཚོ་པད་མའི་ཕེབས་དོན་གྱི་མན་ཌི་དང་དེ་ཁུལ་མང་ཚོགས་ནས་ཕེབས་བསུ་གང་ལེགས་ཞུས་ཡོད།
སྦིར་ཅོན་ཏ་ར་ནང་ཆེན་གཞིས་ཆགས་འདི་ནི་ཕྱི་ལོ་ ༡༩༦༦ ལོར་ཇ་ཞིང་ཨེ་ཀར་ ༡༠༠ ཙམ་ཐོག་གསར་འཛུགས་གནང་སྟེ་ཕྱི་ལོ་ ༡༩༧༥ ལོ་ནས་མི་མང་གི་རེ་བ་ལྟར་གཞི་ཆགས་ཀྱི་འཛིན་སྐྱོང་ཆ་ཚང་བོད་གཞུང་གི་གནང་སྟེ་འཚོ་བ་ནི་དགུན་དུས་སུད་ཚོང་དང་ཚོང་ཁང་ཟ་ཁང་ཆུང་ཙག་དང་ཐུག་འཐག རྩམ་བཟོ་བྱེད་བཞིན་པ་དང༌། ད་ལྟའི་ཆར་དགོན་པ་ཁག་གསུམ་དང་ཁྱིམ་དུད་གྲངས་ ༡༣༠ མི་འབོར་ཁྱོན་བསྡོམས་གྲངས་ ༨༦༨ ཡོད་འདུག་པ་བཅས།།