༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་རྡ་སའི་ཉེ་འགྲམ་གོ་པལ་པུར་བོད་ཁྱིམ་དུ་འཚམས་གཟིགས་དང་སྦྲགས། དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད། དེ་ཉིན་ཆུ་ཚོད་ ༡༢ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང༌། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམ་གཉིས་སློབ་གྲྭའི་རྒྱལ་སྒོའི་མདུན་དུ་ཕེབས་སྐབས་སློབ་གྲྭའི་དབུ་འཛིན་པ་སངས་དབང་འདུས་ལགས་དང༌། སློབ་སྤྱི་ཕུན་ཚོགས་བཀྲིས་ལགས། སློབ་ཕྲུག་རོལ་ཆ་རུ་ཁག་གཅིག་དང་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ལག་ཏུ་མཇལ་དར་ཐོགས་ནས་གུས་བསུའི་ཕེབས་བསུ་ཞུས། དེ་ནས་ཤེས་རབ་འོད་སྣང་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལྷན་འཛོམས་ཐོག་དབུ་འཛིན་པ་སངས་དབང་འདུས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན།
དེ་རིང་འདི་གར་གོ་པལ་པུར་བོད་ཁྱིམ་དུ་བཅར་བྱུང་བར་ཧ་ཅང་དགའ་པོ་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་གི་ཡོད། བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་སྐུ་ངལ་འཛེམས་མེད་ཐོག་བཙུགས་གནང་བའི་རྨང་གཞིའི་ཐོག་ད་ལྟ་བར་དགེ་རྒན་ལས་བྱེད་རྣམ་པས་སྐུ་ངལ་བསྐྱོན་དང་སྐྱོན་མུས་རེད། ང་རང་ཆུང་དུས་རྒྱ་གར་རྡོ་རྗེ་གླིང་ཁུལ་གྱི་གཞིས་ཆགས་གྲོང་གསེབ་ཆུང་ཆུང་ཞིག་དང་དེ་དུས་སློབ་གྲྭའི་མཐུན་རྐྱེན་ཧ་ཅང་སྐྱོ་པོ་ཡིན་ནའང་མུ་མཐུད་སློབ་སྦྱོང་ལ་འབད་བརྩོན་བྱས་པར་བརྟེན། ཨ་རིའི་ནང་ཁྲིམས་ལུགས་རིག་པའི་སློབ་ཆེན་འགྲོ་རྒྱུའི་གོ་སྐབས་སོགས་བྱུང༌། ང་ཚོའི་སློབ་ཁག་ནང་མཐུན་རྐྱེན་གང་ཙམ་ལེགས་པོ་ཡོད་པའི་ཐོག་གཞི་རྩའི་སློབ་སྦྱོང་བརྒྱ་ཆ་གང་ཙམ་ལེགས་པོ་ཡོད་ཀྱང༌། རྒྱ་གར་རྒྱལ་ཡོངས་ནང་ང་ཚོའི་སློབ་གྲྭ་ཁག་གི་སྤྱི་སྙོམས་བརྒྱ་ ༦༠།༧༠ ལས་ཟིན་གྱི་མེད། གལ་སྲིད་བརྒྱ་ཆ་ ༨༠།༩༠ ཙམ་བྱུང་ནས་སློབ་གྲྭ་རྩེ་ཕུད་ཅིག་ལ་ཚུད་ན་སྤྱི་ཚོགས་འབྲེལ་བ་དང༌། རང་ཉིད་ཀྱི་ལས་ཀ་དང་དེ་བཞིན་ཕ་མའི་རེ་བ་སོགས་ཕྱོགས་གང་ཅིའི་ཐད་གང་ལེགས་ཡོང་ངེས། མིའི་མི་ཚེའི་ནང་མི་སུ་འདྲ་ཞིག་ཡིན་རུང་དཀའ་ངལ་ཡོད་ངེས་ཀྱང༌། དེར་གདོང་ལེན་བྱེད་པའི་བསམ་བློའམ་སློབ་སྦྱོང་ལ་དཀའ་ངལ་རྒྱག་ཐུབ་པའི་ཆོད་སེམས་ཡོད་དགོས།
ཆིག་སྒྲིལ་ནི་སྤྱི་ཚོགས་ལ་དབྱེ་འབྱེད་མེད་པར་གཞི་འཛིན་སའི་ཐོག་ནས་ཆོལ་ཁ་ཆོས་ལུགས་དང་ཕོ་མོ་དབྱེར་མེད་རེད། གསར་གཏོད་རིམ་པའི་ཐོག་ལས་དོན་ནུས་པ་ཐོན་པའི་ཆ་ནས་སློབ་སྦྱོང་བྱེད་ཐབས་ཡར་རྒྱས་གཏོང་རྒྱུ་གང་འདྲ་ཡོད་པ། རང་ཁ་རང་གསོའི་བསམ་བློ་མེད་ན། ཨ་ཕི་རི་ཀ་ལྟ་བུ་ཡར་རྒྱས་མེད་པས་གཞན་ལ་སྐྱབས་བཅོལ་བའི་བསམ་བློ་དེས་མཐའ་ན་རང་ཉིད་ཀྱི་མི་ཚེ་རིན་ཐང་མེད་པ་ཆགས་སྲིད། དེར་བརྟེན་མི་ཚེ་དོན་སྙིང་ལྡན་པ་བཟོ་དགོས་ན་རང་ཁ་རང་གསོའི་བསམ་བློ་ངེས་པར་དུ་དགོས། སློབ་སྦྱོང་ཐོག་དཀའ་ངལ་ག་ཚོད་འཕྲད་ཀྱང་གདོང་ལེན་གྱིས་ཉིན་རེ་བཞིན་ཧུར་སྐྱེད་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་བོད་རྒྱལ་ཁབ་ཆེན་པོའི་གླུ་ཕུལ་ཏེ་གྲོལ།
སྤྱིར་རྡ་ས་བོད་ཁྱིམ་གྱི་ཡན་ལག་གོ་པལ་པུར་བོད་ཁྱིམ་དེ་བཞུགས་སྒར་རྡ་ས་ནས་ཤར་ཕྱོགས་སུ་མི་ཁྲར་ ༣༠ ཙམ་གྱི་སར་ཕྱི་ལོ་ ༡༩༩༧ ལོར་ས་ཁྱོན་ཨེ་ཀར་ ༣༣ ཙམ་ཐོག་གསར་སྐྲུན་གནང་བ་ཞིག་ཡིན་ད་བར་ལོ་ངོ་ ༡༥ ཙམ་གྱི་རིང་བོད་མི་ན་གཞོན་སློབ་ཕྲུག་གྲངས་ ༤༢༦༩ ལ་གནའ་དེང་ཟུང་གི་སློབ་སྦྱོང་གོ་སྐབས་ཐོབ་ཡོད། སློབ་ཕྲུག་གི་སྡོད་ཁང་ཆེ་བ་ ༥ ཐོག་སློབ་ཕྲུག་ཆུང་བའི་སྡོད་ཁང་ཁྱིམ་ཚང་ ༣༠ ནང་གནས་ཤིང་ད་ཡོད་དགེ་རྒན་ལས་བྱེད་ ༡༥༥ དང་སློབ་ཕྲུག ༡༢༦༥ ཡོད་འདུག་པ་བཅས།།