༢༠༡༢ ཟླ་ ༥ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོན་ཌོན་ནས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ཡ་ན་བརྒྱུད་མ་རི་བྷོར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཝི་ཡ་ནའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཨོ་སི་ཊི་རི་ཡའི་གསར་ཤོག་གྲགས་ཆེ་ཤོས་ཀློག་པ་པོ་ཁྱོན་མི་གྲངས་ས་ཡ་གསུམ་ལྷག་ཟིན་གྱི་ཡོད་པའི་ཉིན་རེའི་གསར་ཤོག་Kronenzeitung ཞེས་པའི་རྩོམ་སྒྲིག་པ་སྐུ་ཞབས་ཀུཊ་སེ་ནི་ཛི་ Kurt Seinitzལགས་ཀྱིས་༸གོང་ས་མཆོག་ལ་ཨོ་སི་ཊི་རི་ཡའི་མང་ཚོགས་ལ་བཀའ་སློབ་གང་ཞིག་སྩོལ་འཆར་ཡོད་མེད་ཀྱི་དྲི་བ་ཞུས་པར།
མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ལ་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཨོ་སི་ཊོ་རི་ཡའི་མི་མང་ཚོ་ཡང་ངོས་དང་འདྲ་བར་འཛམ་གླིང་མི་གྲངས་ཐེར་འབུམ་བདུན་ཡོད་པའི་ཆ་ཤས་ཤིག་ཆགས་ཡོད་པར་བརྟེན། འགྲོ་བ་མི་སྤྱི་མཚུངས་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་འདོད་ཀྱི་མེད། དེར་བརྟེན་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། ལུས་ཚོར་རྐྱང་པར་བརྟེན་པའི་བདེ་བ་དེ་འགྱུར་སླ་བར་བརྟེན་སྙིང་པོ་དེ་ཙམ་མེད། གང་ཡིན་བརྗོད་ན་ལུས་ཚོར་གྱིས་དཔེར་ན། འཇིགས་སྣང་དང་སེམས་ཁྲལ་སོགས་ཞི་བར་བྱེད་མི་ཐུབ།
དེ་ལས་ལྡོག་སྟེ་སེམས་ནང་གི་ཞི་བདེའི་ཚོར་བ་དེས་ལུས་ཀྱི་དཀའ་ངལ་གཟིལ་གྱིས་གནོན་ཐུབ། དེར་བརྟེན་ང་ཚོས་ནང་སེམས་རྒྱུད་དང་འབྲེལ་བའི་རྣམ་གཞག་ལ་དོ་སྣང་ངེས་པར་དུ་སྤྲོད་དགོས། ངོས་ཀྱིས་རྒྱུན་དུ་མི་མང་ཚོར་ཆོས་ལུགས་ལ་མ་བསྟེན་པའི་མིའི་ནང་གི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐུབ་ཚེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུ་ཡིན་པ་ཤོད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་ལན་སྩལ་བ་དང་སྦྲགས།
མགོན་པོ་གང་ཉིད་མཆོག་དེ་སྔ་ལྷ་སར་བཞུགས་སྐབས་ཨོ་སི་ཊི་རི་ཡ་ནས་ཡིན་པའི་སྐུ་ཞབས་ཧེན་རིཀ་ཧེ་རར་(Heinrich Harrer) དང་པི་ཊར་ཨབ་ཤ་ནེ་ཊར་ (Peter Aufschneiter) བཅས་དང་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པ་ལུང་འདྲེན་མཛད་དེ་ཨོ་སི་ཊི་རི་ཡའི་མི་མང་དང་འབྲེལ་བ་ཆེན་པོ་ཡོད་སྐོར་དང། ཕྱི་ལོ་ ༡༩༧༣ ལོར་མགོན་པོ་གང་ཉིད་མཆོག་ཡུ་རོབ་ཏུ་ཐོག་མར་ཆིབས་སྒྱུར་བསྐྱངས་པ་ནས་བཟུང་འབྲེལ་བ་མུ་མཐུད་གནས་ཡོད་པར་བརྟེན་ཐེངས་འདིར་ཡང་ཨོ་སི་ཊི་རི་ཡའི་མི་མང་རྣམས་ལ་འཚམས་འདྲིའི་བཀྲི་བདེ་ལེགས་ཞུས་གནང་མཛད་དེ་སོ་ལོ་ཝི་ནི་ཡར་ཆིབས་ཞལ་བསྒྱུར།
སོ་ལོ་ཝི་ཡའི་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་མ་རི་བྷོར་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཕེ་རེངྐ་ཀངྒ་ལར་(Franc Kangler)མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། གནམ་ཐང་དུ་གསར་འགོད་པ་མང་པོ་འདུ་འཛོམས་བྱུང་བ་རྣམས་ལ་འཁྱུག་ཙམ་བཀའ་སློབ་སྩལ་རྗེས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས།