༢༠༡༢ ཟླ་ ༥ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ ཉིན་བྷེལ་ཇམ་དུ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁན་བླ་སྤྲུལ་སོགས་ལ་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་འདིར་བོད་ནས་ས་སྐྱ་བཀའ་རྙིང་རིས་སུ་མ་ཆད་པའི་མཁན་པོ་དང་བླ་སྤྲུལ་མང་དག་ཅིག་འཛོམས་འདུག དེ་རིང་དུས་ཚོད་ཕྲན་བུ་ལྷོད་པ་འདུག་པས་ཁྱུ་ཙམ་ཞིག་མཇལ་ན་བསམས་བྱུང་། ངོས་ཀྱིས་དེ་རིང་ཁྱེད་རང་ཚོར་དོན་ཚན་གསུམ་ཐོག་ལ་ཤོད་འདོད་བྱུང། དོན་ཚན་དང་པོ། ང་ཚོ་བོད་ཀྱི་སྔར་ཆོས་རྒྱལ་ཚོའི་ཐུགས་རྗེ་བཀའ་དྲིན་དང་གང་ལྟར་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་ང་ཚོ་རང་ཉིད་སྣང་བ་དག་ནས་བརྗོད་པ་དེ་འདྲ་མ་རེད། སྔ་མོ་ང་རང་ཚོ་བོད་ལ་མཎྜལ་གྱི་བཤད་པ་རྒྱག་སྐབས་བླ་མའི་མཛད་འཕྲིན་ནུབ་ཛྙ་ལན་ཌར་ནས་ཤར་ཟ་འོག་དར་འཐག་ཅེས་བརྗོད་ཀྱི་ཡོད་པ་དེ་དག་དོན་སྙིང་མེད། དེ་དག་ནི་སོ་སོའི་ལུང་ཁུག་ནང་སྣང་བ་དག་ནས་བརྗོད་པ་ཞིག་རེད། དེ་རིང་ཁ་སང་འཛམ་གླིང་ཤར་ནུབ་གང་དུ་ཡིན་རུང་གནས་ཚུལ་ལམ་སེང་གོ་ཐུབ་ཀྱི་ཡོད། སྔར་ནང་ཆོས་མ་དར་སའི་ཡུལ་གྲུའི་ནང་ལའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་འདུག ང་རང་ཚོ་ཤར་ཕྱོགས་ལུང་པའི་ནང་ཕ་མེས་ནས་ནང་པ་ཡིན་མཁན་ཚོ་སོ་སོས་དད་པ་བྱས་ནས་འགྲོ་མཁན་མང་ཆེ་བ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་དེ་དག་དེ་འདྲ་མིན། ཁོང་ཚོ་ཐེ་ཚོམ་ཐོག་ནས་སྡོད་ཀྱི་འདུག ཆོས་ལ་ཆ་བཞག་ན། སོ་སོའི་ཕ་མེས་ཀྱི་ཆོས་ལ་མང་པོ་ཞིག་གིས་ཡིད་ཆེས་བྱེད་ཀྱི་མེད། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་གྲས་དེ་ཁོང་རང་ཚོའི་གོམས་གཤིས་ཐོག་དེ་འདྲ་བྱས་ནས་བསྡ༞ད་ཡོད་པ་མ་གཏོགས་ཡིད་ཆེས་ཞེ་དྲག་མེད་པར་སྡོད་མཁན་མང་པོ་འདུག
དེ་འདྲ་ཞིག་གི་མིའི་ནང་ནས་སངས་རྒྱས་ཀྱི་ཆོས་ལ་རྒྱུ་མཚན་ཡོད་པ་མཐོང་བའི་ཐོག་ནས་དོ་སྣང་ཆེན་པོ་བྱེད་མཁན་ཡོང་གི་འདུག ཡུལ་གྲུ་དེ་དག་ནས་ངོས་རང་སྐད་བཏང་བ་ལྟར་ཕྱིན་ནས་ཡུལ་གྲུ་དེ་དག་ནང་དུ་ནང་ཆོས་འགྲེལ་བཤད་རྒྱག་སྐབས་རྟག་ཏུ་ངོས་ཀྱིས་ངོས་རང་ནང་ཆོས་སྤེལ་བར་ཡོང་གི་མེད། སོ་སོའི་ཕ་མེས་ཀྱི་ཆོས་ལ་བདག་པོ་བརྒྱབ་ནས་ཕྱིན་ན་བརྟན་གྱི་རེད། ཅེས་ཚང་མར་བརྗོད་ཀྱི་ཡོད། མཚམས་རེ་ངོས་རང་འཚེར་ཤུར་ཤུར་བྱེད་ཀྱི་འདུག ཡི་ཤུ་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་དེ་ཉམས་འགྲོ་གི་ཡོད། སངས་རྒྱས་ཀྱི་ཆོས་ཤར་ཕྱོགས་པའི་ཆོས་རེད། དེ་སྔ་འབྲེལ་བ་གང་ཡང་མེད། གཞི་ནས་དོ་སྣང་བྱེད་སྐབས་ངོས་རང་ཕྲན་བུ་འཚེར་པོ་འདུག དེ་ལྟ་བུའི་གནས་སྟངས་ཐོག་སླེབས་ཡོད། སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་བོད་གངས་ཅན་ལྗོངས་ལ་ཡོད་པའི་ཆོས་འདི་དངོས་གནས་འཛམ་གླིང་འདིའི་ཐོག་གི་ཤེས་ཡོན་ཅན་ཚོས་དོ་སྣང་བྱེད་རྒྱུའི་ཆོས་ཤིག་ཆགས་ཡོད། ཚན་རིག་པའི་མཉམ་དུ་རྐུབ་གྲལ་བསྒྲིགས་ནས་སྐད་ཆ་ཤོད་ཐུབ་མཁན་ང་ཚོ་བོད་ཀྱི་ནང་པ་མ་གཏོགས་ཕལ་ཆེར་མེད། བོད་ཀྱི་ནང་པའི་ནང་ནས་གཞུང་ཆེན་པོ་དང་དཔེ་ཆ་སྦྱང་ཡོད་མཁན་དེ་དག་ཚན་རིག་པ་དང་མཉམ་དུ་ཐུག་སྟེ་གོ་བསྡུར་བྱེད་རྒྱུ་ཞིག་ཡོང་གི་ཡོད། གཞུང་ཆེན་པོ་བལྟས་མེད་ན། གྲུབ་རྟགས་སྟོན་ཏེ་ནམ་མཁར་འཕུར་བ་དང་ས་འོག་ཏུ་འཛུལ་ན། ཚན་རིག་པ་ཚོས་ངོ་མཚར་ཆེན་པོ་ཞིག་རྩིས་ཀྱི་རེད། དེ་མིན་ཆ་ལུགས་ཡ་མ་ཟུང་གྱོན་པའི་ཐོག་ནས་གཞུང་དང་སྤྱོད་པ་ཡིན་ཞེས་བརྗོད་པས་ཡིད་ཆེས་བྱེད་ཀྱི་མ་རེད། དཔེར་ན། བར་སྐབས་རྒྱ་ནག་ནང་ལ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ལོ་གཅིག་གཉིས་ཤིག་གི་གོང་ལ་རེད། རྒྱ་མིའི་གཙུག་ལག་སློབ་གྲྭ་ཞིག་གིས་ཡིག་ཆ་ཞིག་བཏོན་འདུག
དེ་བཞིན་ཕྱི་རྒྱལ་བ་ཚོས་ཀྱང་ཡིག་ཆ་ཞིག་བཏོན་འདུག ཕྱི་རྒྱལ་བ་ཚོས་བརྗོད་ན། ཕལ་ཆེར་རྒྱ་ནག་ནང་དུ་ནང་པ་མི་ས་ཡ་ཉིས་བརྒྱ་ལྷག་འདུག རྒྱ་མིས་བཏོན་པའི་ཡིག་ཆའི་ནང་དུ་རྒྱ་ནག་ནང་ས་ཡ་གསུམ་བརྒྱ་ལྷག་ཡོད་སྐོར་དང་། རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ཆེ་བ་ཤེས་ཡོན་ཡོད་མཁན་ཡིན་སྐོར་བཀོད་འདུག དེར་བརྟེན་འཛམ་གླིང་འདིའི་ཐོག་སྤྱིར་སངས་རྒྱས་ཀྱི་ཆོས་དང་ཡང་སྒོས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་ལ་དོ་སྣང་དང་མཐོང་བྱེད་ཀྱི་ཡོད། ཆོས་གཅིག་གི་ནང་ནས་རྒྱུ་མཚན་འགྲེལ་བཤད་རྒྱག་རྒྱུ་ཡོད་པའི་ཆོས་ཤིག་འདུག ཅེས་མཐོང་ཚུལ་ཞིག་ཡོང་བཞིན་ཡོད། ཕྱོགས་གཅིག་ནས་ང་ཚོ་བོད་པ་དེ་དག་མཐོང་ཡོང་སྐབས་དང་། དེ་བཞིན་འཛམ་གླིང་འདིའི་ཐོག་གྲངས་ཉུང་མི་རིགས། སོ་སོའི་ཡུལ་གོམས་གཤིས་ལུགས་ཐུན་མོང་མ་ཡིན་པ་ཡོད་པའི་གྲས་དེ་ངོས་རང་ལུང་པ་འདྲ་མིན་ནང་སླེབས་སྐབས། ཁོང་ཚོ་མང་པོ་ཞིག་གིས་དགའ་པོ་བྱས་ནས་ཐུག་པར་ཡོང་གི་འདུག ཁོང་ཚོའི་གྲས་ཀྱིས་སོ་སོའི་རིག་གཞུང་དང་གོམས་གཤིས་དེ་དག་བདག་པོ་རྒྱག་རྒྱུར་ཧ་ཅང་སེམས་ཤུགས་བསྐྱེད་དེ་ཡོད་པ་ཞིག་ལ་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་འདུག ངོས་ཀྱིས་ཁོང་ཚོར་ཁྱེད་རང་ཚོར་ཡི་གེ་ཡོད་དམ་མེད་ཅེས་དྲིས་སྐབས། མང་ཆེ་བར་ཡི་གེ་མི་འདུག ངོས་ཀྱིས་ཁོང་ཚོར་ཡི་གེ་དགོས་པས་མི་རྒན་གྱི་ངག་རྒྱུན་ནས་ཡོད་པ་ཁོ་ནས་སོ་སོའི་གོམས་གཤིས་དང་རིག་གཞུང་འཛིན་སྐྱོང་ཐུབ་ཐབས་མེད་པས་ཡིན་གཅིག་མིན་གཅིག་ཡི་གེ་དགོས། དབྱིན་ཇིའི་ཡིག་གཟུགས་ལ་སྐད་སོ་སོ་རང་གི་ཡུལ་སྐད་རྒྱག་རྒྱུ་དེ་འདྲ་བཟོ་གི་འདུག ཁྱེད་རང་ཚོས་སོ་སོའི་གོམས་གཤིས་དང་རིག་གཞུང་བདག་པོ་རྒྱག་རྒྱུ་ཁྱེད་རང་ཚོའི་ལས་འགན་རེད། དོ་སྣང་ཡོད་པ་དེ་ཧ་ཅང་ཡག་པོ་རེད། དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་མི་རིགས་སོ་སོའི་སྐད་ཡིག་དང་ཆོས་རིག་གཞུང་ལ་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ཡོད་པར་བརྟེན་ཧ་ཅང་ཡག་པོ་རེད། མི་གཞན་ལ་དེ་ལྟར་བརྗོད་སྐབས་ངོས་རང་བསམ་བློ་འཁོར་གྱི་འདུག ང་ཚོ་བོད་པར་སོ་སོའི་ཡི་གེ་ཡོད། ཡི་གེ་དེ་ཡང་རྒྱ་ཡིག་དང་རྒྱ་གར་གྱི་ཡི་གེ་ནས་དཔེ་བལྟས་པ་ཞིག་མ་རེད། སྤྱིར་བཏང་སུམ་རྟགས་གྲས་དེ་རྒྱ་གར་ནས་དཔེ་བལྟས་པ་ཞིག་རེད།
རྩ་བའི་ང་ཚོའི་ཡི་གེ་ཞང་གཞུང་སྨར་ཡིག་ཡིན་ནའང་འདྲ། གང་ལྟར་སོ་སོའི་ཡི་གེ་རང་བཙན་པ་ཞིག་ཡོད། དེའི་ནང་ལ་གཙོ་བོ་རྒྱ་གར་རེད། རྒྱ་ནག་ནས་ཕྲན་བུ་བསྒྱུར་ཡོད་འདུག རྒྱ་གར་ནས་ལེགས་སྦྱར་དང་པ་ལིའི་སྐད་ནང་གི་ཕལ་ཆེར་གཞུང་གཙོ་ཆེ་བ་དེ་དག་བོད་ཡིག་ནང་བསྒྱུར་འདུག བོད་ཡིག་ནང་ཡོད་པ་གང་ཞིག་ལ་རྒྱ་ཡིག་ནང་མེད་པ་མང་པོ་ཞིག་མཐོང་རྒྱུ་འདུག སོ་སོའི་སྐད་ཡིག་ཟུར་དུ་ཡོད་པ་ཙམ་དུ་མ་ཟད། དེ་དག་ནང་ལེགས་སྦྱར་དང་པ་ལིའི་ནང་ཡོད་པའི་གཞུང་མང་དག་ཅིག་བསྒྱུར་ཡོད། རྒྱ་ཡིག་ཐོག་གི་བསྒྱུར་ལས་བོད་ཡིག་བསྒྱུར་སྤུས་དག་པ་འདུག དཔེར་ན། ཤེས་རབ་སྙིང་པོའི་ནང་གི་ཚིག་ཕུང་པོ་ལྔ་པོ་དེ་དག་ཀྱང་ཞེས་པའི་ཀྱང་སྒྲ་དེ་བོད་ཡིག་དང་ལེགས་སྦྱར་སྐད་ནང་འདུག རྒྱ་ཡིག་ནང་མི་འདུག དེ་བཞིན་ཉི་ཧོང་དང་ཀོ་རི་ཡ། ཝི་ཏི་ནམ་ནང་དུ་མེད། དེ་དག་ལ་བསམ་བློ་གཏོང་སྐབས་ང་ཚོ་བོད་མི་རིགས་ཀྱི་མེས་དབོན་དེ་དག་རླབས་ཆེན་རྣམ་དཔྱོད་ཡོད་པ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག བར་སྐབས་ཀྱི་གནས་ཚུལ་ལ་ཆ་བཞག་ན། དམར་པོའི་ལྟ་གྲུབ་འོག་བོད་པ་དང་ཤིང་ཅང་། ནང་སོག་གིས་སྡུག་བསྔལ་མྱང་གི་ཡོད། འོན་ཀྱང་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་ངོ་རྒོལ་བྱེད་མཁན་ཕལ་ཆེར་བོད་པ་ཤུགས་ཆེ་ཤོས་ལྟ་བུ་རེད། བོད་པས་འཚེ་བ་མེད་པའི་ལམ་བརྒྱུད་ནས་འགྲོ་རྒྱུ་དེ་ལས་སླ་པོ་མ་རེད། སེམས་ལ་སྡུག་བསྔལ་དང་དངས་སྐྲག་འོག་ནས་ད་དུང་འཚེ་བ་མེད་པའི་ཐོག་ནས་འགྲོ་རྒྱུ་དེ་ལས་སླ་པོ་མིན། ང་ཚོ་བོད་པ་སྐྱོ་པོ་རྩ་བ་ནས་མ་རེད། ང་ཚོ་བོད་མི་རིགས་འདི་རླབས་ཆེན་ཞིག་ཡིན་པ་སེམས་ནང་ངེས་པ་རྙེད་རྒྱུ་ཞིག་ཡོང་གི་འདུག ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས། །