༢༠༡༢ ཟླ་ ༥ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོན་ཌོན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་སོལ་ཝི་ནི་ཡའི་(Slovenia)རྒྱལ་ས་མེ་རི་བྷོར་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག དེ་ཡང་མགོན་པོ་གང་ཉིད་མཆོག་ལ་ཁུལ་དེའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཕེ་རེངྐ་ཀང་ལར་མཆོག་(Mr. Franc Kangler)མཆོག་དང་མེ་རི་བྷོར་གཙུག་ལག་སློབ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་པ་ཞིག་ཡིན་འདུག
ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་མེ་རི་བྷོར་གཙུག་ལག་སློབ་གྲྭའི་ནང་དུ་རིག་གཞུང་གཅེས་སྐྱོང་གི་ཐབས་ལམ་གསར་པ། ཞེས་པའི་བརྗོད་གཞི་དང་། ཕྱེད་ཡོལ་སེམས་ཀྱི་ཞི་བདེ་སྐྲུན་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཉིན་གསུམ་པར་མགོན་པོ་གང་ཉིད་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རི་གོ་བྷར་ཏ་མན་ཅུ་ཊུམ་(Dr. Rigoberta Menchú Tum, and)མཆོག་དང་གཙུག་ལག་སློབ་དཔོན་སྐུ་ཞབས་མོཧཱ་མཌ་ཡུ་ནུ་སི་མཆོག (Prof. Muhammad Yunus,) ལུ་ཆི་ཀ་བཅས་(Prof. Lucka Kajfež Bogataj)བཅས་དང་ལྷན་མཇལ་འཛོམས་ཐོག གོ་ལའི་རྩོད་རྙོག་སེལ་ཆེད་ཆིག་སྒྲིལ་དང་གྲོས་མོལ་གྱི་ཐབས་ལམ་གལ་ཆེ་ཡིན་པའི་རྒྱུ་མཚན། ཞེས་པའི་བརྗོད་གཞིའི་ཐོག་ཞི་བདེའི་ལྷན་ཚོགས་གྲུབ་བསྟུན། ༸གོང་ས་མཆོག་གིས་སོལ་ཝི་ནི་ཡའི་རྒྱལ་ཡོངས་འཁྲབ་སྟོན་གྱི་ཚོགས་ཁང་ཆེན་མོའི་མདུན་དུ་ལྡེབས་རིས་གསར་བཞེངས་ལེགས་གྲུབ་བྱུང་བ་དེ་དབུ་འབྱེད་མཛད་རྒྱུ་དང། ལྡེབས་རིས་དེའི་མཚོན་དོན་ནི་ཞི་བདེ་དང་འཁོན་འཛིན་སེལ་བའི་འཆམ་མཐུན་ངང་འཚོ་གནས་བྱ་རྒྱུའི་སྐོར་ཡིན་འདུག
ཕྱི་ཚེས་ ༡༠ ནས་ ༡༨ བར་མེ་རི་བྷོར་གྲོང་ཁྱེར་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སྒྱུ་རྩལ་དཔེར་ན། རྡུལ་མཚོན་དཀྱིལ་འཁོར་དང། བོད་དོན་གཏམ་བཤད་སོགས་འགྲེམས་སྟོན་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག ༸གོང་ས་མཆོག་ཕྱི་ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཨོ་སི་ཊི་རི་ཡར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་མགོན་པོ་གང་ཉིད་མཆོག་གིས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ནེའི་(Vienna) ནང་དུ་ཡུ་རོབ་བོད་རིགས་མཐུན་འབྲེལ་ཚོགས་པའི་ཚོགས་ཆེན་དུ་ཆིབས་སྒྱུར་བསྐྱང་སྟེ་ད་ལྟའི་བོད་མི་ཚོར་ཁྱེད་ཀྱི་རྒྱབ་སྐྱོར་དགོས་ངེས་ཆགས་ཡོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སི་ལོ་ཝི་ཡའི་རྒྱལ་ས་མེ་རི་བྷོར་དུ་ཆིབས་སྒྱུར་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱང་གཏན་འཁེལ་བ།
གསར་གནས།
འབྲེལ་གནས།