༢༠༡༢ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །མེ་ལྷའི་ཁྲོད་ཀྱི་རང་དབང་དང་འབྱུང་འགྱུར་དཔྱད་གླེང་གི་ཚོགས་འདུ། ཞེས་རང་ལུས་མེར་སྲེག་གི་དོན་རྐྱེན་ཐོག་བོད་རྒྱའི་བགྲོ་གླེང་གི་ཚོགས་འདུ་ཚོགས་འདུག
གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༢ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིར་སྐོང་ཚོགས་གནང་བའི་བོད་རྒྱའི་བགྲོ་གླེང་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་ཨོ་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་རྒྱ་བོད་འབྲེལ་མཐུད་པ་ཟླ་སྒྲོན་ལགས། རྒྱ་རིགས་ལོ་པེན་ཡོན་ཧོང་ཕིང་། དེ་བཞིན་རྒྱ་རིགས་རྩོམ་པ་པོ་དང་མང་གཙོ་དོན་གཉེར་བ། གསར་འགོད་པ། བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཁྱོན་མི་གྲངས་ལྔ་བཅུ་བརྒལ་བ་ལྷན་འཛོམས་ཐོག་བགྲོ་གླེང་ཚོགས་ཡོད།
དེ་ཡང་ཐོག་མར་རྒྱ་རིགས་ཁྲིམས་རྩོད་པ་རྩོམ་པ་པོ་ཡོན་ཧོང་ལགས་ཀྱིས་བགྲོ་གླེང་གི་ལྷན་ཚོགས་སུ་གསུང་དོན། ཉིན་ཤས་གོང་རྒྱ་ནག་གི་སྲིད་བློན་ཝན་ཅཱ་པའོས་རང་ལུས་མེར་སྲེག་གི་བྱ་སྤྱོད་དེ་དྲག་སྤྱོད་ཀྱི་ལས་འགུལ་ཡིན་སྐོར་བརྗོད་པ་ནི་བོད་མི་རང་དབང་འཐབ་རྩོད་པ་ཚོར་མུ་མཐུད་ནས་དྲག་གནོན་བྱེད་ཆེད་དུ་བརྗོད་པ་ཞིག་རེད། དེ་བཞིན་རྩོམ་པ་པོ་ཝང་ལི་ཞུང་(Wang Lixiong)གིས་རྩོམ་ཡིག་ཅིག་སྤེལ་བའི་ནང་བོད་མིའི་རང་ལུས་མེར་སྲེག་གི་བྱ་སྤྱོད་དེ་ནི་ཚད་མཐོའི་དྲག་སྤྱོད་རེད་ཅེས་གསུངས་ཡོད། ཡ་ང་བའི་བོད་མི་དེ་དག་གིས་ཐ་ན་རང་ཉིད་ཀྱི་ལུས་པོ་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པར་དྲག་སྤྱོད་པ་རེད་ཅེས་བརྗོད་པ་དེ་ནི་དྲང་བདེན་ཞིག་མིན། དེང་སྐབས་བོད་མིས་རང་དབང་གི་དཔལ་འབར་སྤར་ཏེ་ཤར་ཨི་ཤེ་ཡའི་མུན་ནག་སེལ་ཐབས་གནང་དང་གནང་མུས་རེད། རྒྱ་ནག་གཞུང་གི་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་བོད་མིའི་རང་དབང་བཙན་འཕྲོག་བྱས་པ་མ་ཟད། ཁོང་ཚོའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་པར་བོད་མིས་འཐབ་རྩོད་བྱེད་ཀྱི་ཡོད། རྒྱ་རིགས་མི་དམངས་དུང་ཕྱུར་གསུམ་བཅུ་བརྒལ་བ་དེ་དག་བོད་རིགས་མི་མང་རང་ལུས་མེར་སྲེག་གཏོང་མཁན་གྱི་མདུན་དུ་ངོ་ཚ་དགོས་པ་ཞིག་ཡིན། རྒྱ་རིགས་རྣམས་ལ་སོ་སོའི་རང་དབང་གི་ཆེད་ཚེ་སྲོག་དོར་རྒྱུའི་སྙིང་སྟོབས་མེད་པ་རེད། ཅེས་གསུངས་ཡོད། དེ་བཞིན་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཕང་ཆིན་གིས་གསུང་དོན། ངས་དེ་སྔོན་བོད་མི་ཚོར་རང་ལུས་མེར་སྲེག་མ་གཏོང་རོགས་ཞེས་རེ་སྐུལ་ཞུ་མྱོང་ཡོད། དེའི་རྒྱུ་མཚན་ནི་རང་ལུས་མེར་སྲེག་བཏང་ནས་གཞན་ལ་སེམས་འགུལ་ཡོང་ཐབས་གནང་གི་ཡོད་ངེས་རེད། འོན་ཀྱང་གདོན་འདྲེ་ལྟ་བུའི་རྒྱ་ནག་གཞུང་གི་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་དེ་དག་གིས་རང་ཉིད་ཀྱི་སྤྱི་འབངས་ཀྱི་ཟུངས་ཁྲག་བཏུང་ནས་གཞན་ལ་ཚོང་འབྲེལ་བྱེད་མཁན་གྱི་གཞུང་དེ་འདྲ་ཞིག་ལ་རང་ལུས་མེར་སྲེག་ག་ཚོད་བཏང་ཡང་སེམས་འགུལ་ཐེབ་ཐབས་དཀའ་བས་ང་རང་ཧ་ཅང་སེམས་པ་སྐྱོ་བྱུང་། སོ་སོའི་ཚེ་སྲོག་བློས་གཏོང་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་སྲུང་སྐྱོབ་བྱེད་མཁན་རྣམས་ལ་ངས་སྙིང་དབུས་ནས་གུས་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། དེ་རྗེས་སྐུ་ཚབ་དོན་གཅོད་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ངོ་སྤྲོད་གནང་སྟེ་གསུང་དོན། རྒྱ་རིགས་མི་མང་རྣམས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་གང་ཡིན་པ་ཤེས་ཐབས་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་བོད་མིར་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་ཡང་ཤེས་རྟོགས་གནང་དགོས། དེ་བཞིན་བོད་མིའི་མངོན་འདོད་དང་གོམས་གཤིས། བོད་མིའི་ཆོས་དང་རིག་གཞུང་སོགས་ལ་རྒྱ་ནག་གཞུང་ནས་བརྩི་མཐོང་སྤྲད་ན། བོད་རྒྱའི་དཀའ་ངལ་དེ་དག་རིང་པོ་མ་ཐོག་པར་སེལ་ཐུབ་ངེས་ཡིན་ཞེས་གསུང་བཤད་གནང་ཡོད།
ཐེངས་འདིའི་བགྲོ་གླེང་གོ་སྒྲིག་གནང་མཁན་ནི་བོད་རིག་པའི་གླེང་སྟེགས་དང་ཀྲུང་གོའི་རང་དབང་རིག་གཞུང་ཚོགས་པ། གྲོང་ཁྱེར་སི་ཌི་ནིའི་སྲིད་དོན་གླེང་སྟེགས་ཡིན་པ་དང་། བརྗོད་གཞི་མི་འདྲ་བའི་ཐོག་བགྲོ་གླེང་གནང་མཁན་གཙོ་བོ་བོད་མི་གསུམ་དང་རྒྱ་རིགས་བཞི་ཡིན་འདུག་པ་བཅས། །
ཨོ་སི་ཊོ་ལི་ཡར་བོད་རྒྱའི་བགྲོ་གླེང་ཚོགས་འདུ་ཚོགས་པ།
གསར་གནས།
འབྲེལ་གནས།