ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །རྒྱ་ཆེའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་རྣམས་དང་སྨན་སྦྱོར་མཁན་གྱི་སྨན་པ་ཡོངས་ལ།
ཞུ་འབྲས།
མཁྱེན་གསལ་ལྟར་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་བཅོ་བརྒྱད་པའི་དགོངས་དོན་འོག་ཆེད་འཛུགས་གནང་བའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང་། སྨན་སྦྱོར་ལག་ལེན། གསོ་རིག་སློབ་གཉེར་སོགས་གཞུང་མཐུན་ཚད་ལྡན་འོང་མིན་རྟོགས་ཞིབ་ཀྱིས་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་བཏང་འཛིན་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན། ལྷན་ཚོགས་འདིས་ད་བར་ཁྱོན་སྨན་པ་གྲངས་ ༤༠༣ དང་། གསོ་རིག་སློབ་གཉེར་ཁང་གྲངས་༤ སྨན་སྦྱོར་ཁང་གྲངས་ ༡ བཅས་ངོས་ལེན་དེབ་སྐྱེལ་ཞུས་སྤྲོད་ཟིན་ཡོད། དེང་སྤྱི་ཚོགས་ནང་བོད་ཀྱི་གསོ་བ་རིག་པའི་སྨན་རིགས་སྦྱོར་བཟོ་དང་ཚོང་འགྲེམས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་འདི་ནས་བོད་ཀྱི་གསོ་བ་རིག་པའི་སྨན་རྒྱུའི་སྤུས་ཚད་དང། སྨན་སྦྱོར་སྡེབ། དེ་བཞིན་སྨན་གྱི་ཕན་ནུས་གཞུང་གསལ་ལྟར་དགོས་གནད་དང། གཞན་ཡང་སྨན་བཟོ་བསྐྲུན་དང་། ཚོང་འགྲེམས། ཁྱབ་བསྒྲགས། ཚུལ་མཐུན་བེད་སྤྱོད་བཅས་ལ་གཞུང་འབྲེལ་སྟངས་འཛིན་དགོས་པ་གལ་ཆེར་སོང་། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དགུ་པའི་ནང་གསེས་ ཁ་༽ པའི་དགོངས་དོན་འོག་ཕྱི་ལོ་ ༢༠༡༠ ལོར་༼བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་༽ཞིག་གཏན་འབེབས་ལག་བསྟར་བྱ་འགོ་བཙུགས་པ་དང་སྦྲགས་གསོ་རིག་སྨན་སྦྱོར་བ་རྣམས་ལ་དེབ་སྐྱེལ་གནང་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཐེངས་གཉིས་ཙམ་སྤེལ་ཟིན། འོན་ཏེ་འདས་པའི་དུས་ཡུན་ནང་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་མ་གཏོགས་དེབ་སྐྱེལ་གནང་མཁན་མ་བྱུང་སྟབས། ད་ལམ་ལྷན་ཚོགས་ཚོགས་ཐེངས་ ༡༧ པའི་ཐོག་དེ་དོན་ལག་བསྟར་དགོས་པའི་གྲོས་བསྡུར་བྱུང་བའི་སྙིང་དོན་དུ། ལྷན་ཚོགས་འདིའི་འོག་དེབ་སྐྱེལ་ཡོད་པའི་གསོ་རིག་སློབ་གཉེར་ཁང་གི་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་རྣམས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༥ ནང་ཚུད་དེབ་སྐྱེལ་ཞུ་དགོས་པ་དང། དེ་བཞིན་སྒེར་གྱི་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་རྣམས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༥ འགྱངས་མེད་གོང་གསལ་ཁྲིམས་སྒྲིག་འོག་དེབ་སྐྱེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། གལ་ཏེ་གཞུང་སྒེར་སྨན་སྦྱོར་བ་རྣམས་ནས་དུས་བཀག་ནང་ཚུད་དེབ་སྐྱེལ་མ་ཞུས་ཚེ་བོད་མི་མང་སྤྱི་འཐུས་ནས་གཏན་འབེབས་གནང་བའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་༼དོན་ཚན་༩།ཁ༽ ལ་བརྩི་བཀུར་མ་ཞུས་པར་ངོས་འཛིན་གྱིས་གྲོས་ཚོགས་སུ་སྙན་གསེང་ཞུ་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་སུ།
སྨན་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་༢༠༡༢ ཟླ ༤ ཚེས་༧ ལ།