༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་(Canada Ottawa)ཁེ་ན་ཌའི་ས་ཁུལ་འདྲ་མིན་ནས་ཆེད་བཅར་ཞུས་པའི་བོད་མི་ཆིག་སྟོང་བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། ང་ཚོའི་གནས་སྟངས་ཐབས་སྐྱོ་པོ་ཞིག་ཆགས་པའི་འོག་ནས་ཡུལ་ལུང་འདྲ་མིན་ནང་ང་ཚོ་བཙན་བྱོལ་བ་ཆགས་ནས་བསྡད་ཡོད། བྱེ་བྲག་འདི་ག་ཁེ་ན་ཌར་ཡོད་པའི་བོད་རིགས་ཁྱེད་རང་ཚོས་ཆེད་མངགས་རུག་རུག་བྱས་ཏེ་ངོས་རང་ཐུག་པར་ཡོང་བར་ཧ་ཅང་དགའ་པོ་བྱུང། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།
བར་སྐབས་ངོས་འདི་གར་མ་སླེབས་བར་ལ་བསྒྱུར་བ་གཅིག་ག་རེ་བྱུང་ཡོད་དམ་ཞེ་ན། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་༸རྒྱལ་བ་སྐུ་ཕྲེང་ན་རིམ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་པའི་འགྲོ་སྟངས་ཤིག་ཆགས་ཡོད། དེ་འཛམ་གླིང་སྤྱིའི་འགྲོ་སྟངས་དང་བསྡུར་ན། དུས་ཚོད་ཡོལ་ཟིན་པའི་འགྲོ་སྟངས་ཤིག་ཆགས་ཡོད། གཞི་རྐང་ང་ཚོ་རྒྱ་གར་དུ་ཐོག་མར་སླེབས་སྐབས། མང་གཙོ་ཅན་དུ་བསྒྱུར་རྒྱུ་ང་ཚོས་འགོ་སྟོད་ནས་བྱས་པ་རེད། འདི་གར་གཞུང་ཞབས་བགྲེས་པ་ཁག་གཅིག་འདུག་ཁྱེད་རང་ཚོས་ཤེས་གསལ་རེད། ལྷག་པར་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་ངོས་ཀྱིས་བསྐོ་གཞག་བྱེད་མི་དགོས་པར་མི་མང་གིས་འོས་འདེམས་བྱས་ཏེ་བསྐོས་པ་རེད། དུས་དེ་ནས་བཟུང་ངོས་རང་ཕྱེད་རྒན་ཡོལ་གནས་སྟངས་ཐོག་བསྡད་ནས་ལོ་བཅུ་ཕྱིན་ཡོད། དེའི་རིང་འཐུས་ཤོར་གང་ཡང་ཕྱིན་མེད། གང་ལྟར་ལས་དོན་གནད་ཆེ་བ་དེ་དག་བཀའ་བློན་ཁྲི་པས་ཐག་གཅོད་བྱས་པ་མ་གཏོགས་ངོས་ཀྱིས་དེར་བསམ་འཆར་ཤོད་རྒྱུ་དང་གོ་བསྡུར་བྱེད་རྒྱུ་ཡོང་གི་རེད་མ་གཏོགས་རྩ་བའི་ཐག་གཅོད་ཆ་ཚང་བཀའ་བློན་ཁྲི་པས་གནང་ཡོད། དེ་ནས་ལོ་བཅུ་ཕྱིན་རྗེས་ལོ་བཅུ་ལས་ལྷག་བྱ་རྒྱུའི་འགྲོ་སྟངས་ཤིག་ཀྱང་མེད་པ་རེད། དེར་བརྟེན་འོས་བསྡུ་བྱེད་སྐབས་མི་མང་གིས་འོས་བསྡུ་བྱེད་རྒྱུར་ཚོར་སྣང་དང་དོ་སྣང་ཤུགས་ཆེན་པོ་ཡོད་པར་སོང། ད་ཆ་ཕལ་ཆེར་ངོས་ཀྱིས་རྒན་ཡོལ་ཆ་ཚང་ཞུས་ན་སྐབས་སུ་བབས་པ་ལྟ་བུ་ཧ་ཅང་ཡག་པོ་མཐོང་བྱུང་། གཙོ་བོའི་རྒྱུ་མཚན་དེ་རེད་མ་གཏོགས་ཕྱི་རྒྱལ་གྱི་མི་ཁག་གཅིག་གིས་ངོས་ལ་དྲིས་བྱུང་། ཨ་ཕི་རི་ཀའི་བྱང་ངོས་ནས་ཚུར་(Tunisia)ཊུ་ནེ་ཤི་ཡ་ནས་བྱས་ཏེ་ཧ་ཅང་རྙོག་གྲ་བྱུང་བར་བརྟེན།
༸རྒྱལ་བ་རིན་པོ་ཆེ་འདར་གསིག་ཤོར་ཏེ་བསྒྱུར་བཅོས་བཏང་བ་རེད་ཅེས་བརྗོད་མཁན་བྱུང་། དེ་ལྟར་མིན་པ་ངོས་རང་བོད་ལ་ཡོད་སྐབས་ནས་མང་གཙོ་ཞེས་པ་དེ་ལུགས་སྲོལ་འགྲོ་སྟངས་ཡག་ཤོས་ཡིན་པ་ལྟ་བུ་མཐོང་གི་ཡོད། དེ་ནས་རྒྱ་གར་དུ་སླེབས་རྗེས་གོང་དུ་ངོས་ཀྱིས་བརྗོད་པ་ལྟར་འགོ་སྟོད་ནས་བསམ་བློ་བཏང་བ་དེ་མུ་མཐུད་ནས་མཇུག་བསྐྱལ་བ་ཞིག་རེད་མ་གཏོགས་བར་སྐབས་ལོ་མང་དཔོན་པོ་བྱས་ནས་སྡོད་མཁན་དེ་དག་མི་མང་གིས་ངོ་རྒོལ་བྱས་ནས་ཕྱིར་ཕུད་སྐབས། ངོས་རང་ཡང་སྔ་ཕྱི་མ་གཏོགས་ཕྱིར་ཕུད་བྱེད་ཀྱི་རེད་བསམས་ཏེ་མིས་མ་ཕུད་གོང་ལ་ངོས་རང་གིས་དགོངས་པ་ཞུས་པ་དེ་འདྲ་རྩ་བ་མིན། སྐབས་དེའི་གྲོས་ཚོགས་ནས་ཀྱང་ངོས་ལ་མུ་མཐུད་ཆབ་སྲིད་ཀྱི་འགན་འཁུར་ལེན་རོགས་ཞེས་བརྗོད་བྱུང་། བཙན་བྱོལ་དུ་ཡོད་པའི་མི་མང་ཙམ་མ་ཟད། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་ཕལ་ཆེར་བས་ངོས་རང་གིས་མུ་མཐུད་འགན་འཁུར་རོགས་ཞེས་བརྗོད་ཀྱི་ཡོད། ངོས་ཀྱིས་འགན་ཁུར་བཞག་པ་རེད་ཅེས་བརྗོད་སྐབས། བོད་མི་གང་ཙམ་ཞིག་གིས་བློ་ཕམ་བྱེད་ཀྱི་འདུག དཔེར་ན། གནས་ཚུལ་ངན་འགྲོ་ཞིག་ལ་རྒྱ་མིའི་ལས་ཁུངས་ནང་གི་བོད་མི་ཕྲན་བུ་རྒན་པ་གང་ཙམ་ཞིག་གི་ཚོགས་ས་ལྟ་བུ་ཞིག་ལ་ཉིན་གཅིག་རྒྱ་མིའི་དཔོན་པོ་ཞིག་གིས་ཏཱ་ལའི་བླ་མ་དགོངས་པ་ཞུས་པ་རེད་ཅེས་བརྗོད་འདུག ཚོགས་འདུའི་དཀྱིལ་དུ་ནམ་རྒྱུན་ཡར་ཐོན་གྱི་གྲས་ཡིན་པའི་བོད་པ་འགོ་ཁྲིད་ཀྱི་གྲས་ཤིག་ཡིན་པ་དེས་སྙིང་རྗེ་དབུགས་རིང་བཏང་སོང་བརྗོད་ཀྱི་འདུག ཚོགས་འདུ་གྲོལ་རྗེས་བོད་པ་ཁེ་གཙང་སྡོད་སྐབས་ད་ཆ་ང་ཚོའི་རྒྱབ་བཅོལ་སའི་བྲག་ལྟ་བུ་དེ་མེད་པ་ཆགས་པ་རེད། ཅེས་ཧ་ཅང་བློ་ཕམ་བྱས་འདུག དེ་རྗེས་ངོས་ཀྱིས་ཆེད་མངགས་གནས་ཚུལ་བརྒྱུད་ལམ་ངོ་ཤེས་པ་དེ་འདྲ་བརྒྱུད་ནས་ངོས་རང་སེམས་ཤུགས་ཆག་ནས་དགོངས་པ་ཞུ་པ་མིན།
དེ་བཞིན་བོད་སྤྱི་པའི་དོན་དག་ཀྱང་རེ་བ་མེད་པ་བྱས་ནས་དགོངས་པ་ཞུས་པ་མིན། ངོས་རང་ད་ལྟ་བསྡད་ཡོད། གང་ལྟར་བོད་ཀྱི་སྤྱི་འབངས་ཤིག་ཡིན་ཕྱིན་ཆད་ལ་བོད་ཀྱི་གནད་དོན་ཐོག་ངོས་རང་མ་འཆི་བར་དུ་འབྲེལ་བ་ཡོད་བཞིན་རེད་མ་གཏོགས་འབྲེལ་བ་མེད་པ་མ་རེད། ག་དུས་ཡིན་ཡང་གང་ལྟར་བྱེད་ཐུབ་པ་ཞིག་དང་བྱེད་འོས་པ་དེ་འདྲ་བྱུང་ན་ངོས་རང་ཡོད་མུས་ཡིན། གང་ལྟར་ད་ལྟ་ང་ཚོའི་མི་རབས་གསར་པས་འགན་ཆ་ཚང་འཁྱེར་རྒྱུ་ཞིག་བྱས་ན་དེ་ནི་ཧ་ཅང་གཏན་པོ་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༧༩ ལོ་དེ་འདྲ་ནས་ང་ཚོའི་སྐུ་ཚབ་ཚོགས་པ་ཐོག་མར་ཕྱིན་པའི་སྐབས་དེར་མདའ་དཔོན་དང་། བློ་བཟང་བསམ་གཏན། འཇུ་ཆེན་ཐུབ་བསྟན་སོགས་ཡོད། དེ་དུས་རྒྱ་མིའི་ལས་བྱེད་ཁག་གཅིག་གིས་ཁྱེད་རང་ཚོ་བོད་ཀྱི་གནད་དོན་དེ་མི་གཅིག་ལ་ཐུག་ཡོད། མི་གཅིག་པོ་དེ་རྒས་ཏེ་མེད་པ་ཆགས་ན། བོད་དོན་ཡལ་འགྲོ་གི་རེད་ཅེས་བརྗོད་མཁན་བྱུང་ཡོད། དེ་འདྲ་མིན། དཔེར་ན། བོད་ནང་ཆ་བཞག་ན། ཐོག་མར་ཕྱི་ལོ་ ༡༩༤༩།༥༠ དེ་དུས་མདོ་སྨད་ཁུལ་དུ་འཛིང་རེས་བཏང་ཡོད། སྐབས་དེའི་མི་རབས་དེ་དག་རྫོགས་ཟིན་པ་རེད། དེ་བཞིན་ཁམས་ཁུལ་ནས་ཡར་བྱས་པའི་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཀྱི་ས་ཆའི་ཐོག་ལ་ ༥༠ ནང་ཡར་ཡོང་བའི་སྐབས་སུའང་འཛིང་རེས་བཏང་བ་བྱུང་ཡོད། སྐབས་དེའི་མི་རབས་དེ་དག་རྫོགས་ཟིན་པ་རེད། དེ་ནས་ཕྱི་ལོ་ ༡༩༥༩།༦༠ ནང་གི་མི་རབས་དེ་དག་ཀྱང་གང་ཙམ་ཞིག་རྫོགས་འགྲོ་གི་ཡོད། དེ་རིང་ཁ་སང་བོད་ནང་མཁྲེགས་པོའི་ཐོག་སྡོད་མཁན་དེ་དག་མི་རབས་གསར་པ་རེད། མི་རིགས་གཅིག་གི་འཐབ་རྩོད་ཡིན་པར་བརྟེན། མི་རབས་ཤིག་རྫོགས་ཟིན་ཡང་མི་རབས་རྗེས་མ་དེ་དག་གིས་མུ་མཐུད་དེ་དཀའ་ལས་རྒྱག་གི་ཡོད། དེར་བརྟེན་བོད་ཀྱི་འཐབ་རྩོད་དེ་བོད་མི་རིགས་ཤིག་གི་ཐོབ་ཐང་རྩོད་ཀྱི་ཡོད། དེར་བརྟེན་ངོས་རང་མི་གཅིག་ལ་བསྟེན་པ་དང་ངོས་རང་མི་གཅིག་ཡོད་ན་བོད་པའི་འཐབ་རྩོད་ཡོད་པ་དང་མེད་ན་བོད་པའི་འཐབ་རྩོད་མེད་པ་དེ་འདྲ་རྩ་བ་ནས་མ་རེད། ད་ཆ་ང་ཚོས་དངོས་སུ་ལག་ལེན་ངོ་མའི་ཐོག་ངོས་ཀྱིས་ཆབ་སྲིད་འགན་ཁུར་བཞག་སྟེ་མང་གཙོའི་ཐོག་ནས་འོས་བསྡུ་བྱས་ཏེ་སླེབས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་འགན་ཡོངས་སུ་རྫོགས་པ་འཁྱེར་ཏེ་འགྲོ་སྐབས་ཧ་ཅང་གསལ་པོ་ཆགས་ཡོད། ཁ་ནས་འགྲེལ་བཤད་བརྒྱབ་པ་ཙམ་མ་ཡིན་པར་ལག་ལེན་ངོ་མའི་ཐོག་ནས་ང་ཚོའི་འཐབ་རྩོད་ཀྱི་འགན་དེ་མི་མང་གིས་འཁྱེར་གྱི་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། དེར་བརྟེན་བར་སྐབས་འགྱུར་བ་ཕྱིན་པ་དེ་དག་བོད་བསྟན་སྲིད་སྤྱིའི་དོན་དང་བོད་ཀྱི་མཚན་མཐོང་ལ་རྒྱ་གང་ཅིའི་ཐོག་ལ་ཕན་ཐོགས་བྱུང་ཡོད། ངོས་ཀྱིས་སྔ་ལོ་ཐག་གཅོད་བྱས་རྗེས་ཨ་རིར་ཐེངས་གཅིག་སླེབས་ཡོད།
དེ་བཞིན་ངོས་རང་གི་ངོ་ཤེས་གྲོགས་པོ་མང་དག་ཅིག་ཐུག་ཡོད། ཁོང་ཚོ་མང་པོས་ཏཱ་ལའི་བླ་མས་ཐག་གཅོད་གནང་བ་དེ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག དེར་བརྟེན་ང་ཚོ་བོད་པའི་མཚན་མཐོང་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་བྱུང་ཡོད། རྒྱ་མིས་རྟག་པར་ཤོད་བཞིན་པའི་བླ་མའི་གཞུང་དང་ལོག་སྤྱོད་པ་རེད་ཅེས་པ་དེ་ལྟར་ཤོད་རྒྱུ་མེད་པ་ཆགས་ཡོད། ཁོང་རང་ཚོ་མང་གཙོ་བྱེད་ཐུབ་ཀྱི་མེད། ང་ཚོ་བརྒྱ་ཆ་བརྒྱ་ཐམ་པ་མང་གཙོའི་ཐོག་འགྲོ་གི་ཡོད། དེ་ཙམ་གྱིས་ཐོག་ནས་ང་ཚོར་བདེན་པའི་ནུས་པ་ཤུགས་ཆེ་རུ་འགྲོ་རྒྱུ་ཞིག་ཆགས་ཡོད། ངོས་ཀྱིས་སྲིད་སྐྱོང་ཞེས་བརྗོད་ཀྱི་ཡོད། ང་ཚོའི་གྲོས་ཚོགས་ཐོག་ནས་ནམ་རྒྱུན་བཀའ་བློན་ཁྲི་པ་ཞེས་པའི་མུ་མཐུད་ནས་མིང་ཚིག་དེ་འབོད་རྒྱུ་ཞིག་ཡོད། གང་ལྟར་གང་ཡིན་རུང་མིན་རུང་བློ་བཟང་སེང་གེ་ལགས་ཀྱིས་འགན་འཁྱེར་ནས་ཟླ་ཤས་ཤིག་ཕྱིན་ཡོད། ཧ་ཅང་ཡག་པོ་འདུག
ལྷག་པར་ཕྱི་རྒྱལ་དེ་འདྲ་ལ་དབྱིན་སྐད་ཐོག་ནས་འབྲེལ་བ་བྱེད་ས་མང་པོ་ཞིག་ལ་བློ་བཟང་སེང་གེ་ལགས་ཨ་རིར་སློབ་སྦྱོང་ཡུན་རིང་བྱས་ཏེ་ཉམས་མྱོང་བསགས་ཡོད་སྟབས། རན་པོ་དང་ནུས་པ་ཐོན་པོ་ཧ་ཅང་ཡག་པོ་འདུག བློ་བཟང་སེང་གེ་སྲིད་སྐྱོང་དང་པོ་བྱེད་སྐབས་ནས་ངོས་ཀྱིས་རྩེད་མོ་བརྩེས་ནས་སྙད་བརྐོ་གི་ཡོད། སྔོན་མ་ནས་ང་ཚོ་ངོ་ཤེས་པ་རེད། རང་གི་བོད་སྐད་དེ་སློབ་གྲྭའི་ཕྲུ་གུའི་སྐད་འདྲ་པོ་ཕྲན་བུ་རྒྱག་གི་རེད། དེ་ཁྱད་པར་གང་ཡང་མེད། དོན་དག་རེད། དོན་དག་དེ་ཧ་ཅང་ཡག་པོ་འདུག བསམ་བློ་གཏོང་སྟངས་དེ་ཡང་ཟླ་བ་གཅིག་མཇུག་གཉིས་མཐུད་སོགས་ཀྱི་ཐོག་བསམ་བློའི་ནང་བང་སྒྲིག་པོ་དང་བསམ་བློ་འཁོར་པོ་ཧ་ཅང་ཡག་པོ་འདུག དེ་དག་གལ་ཆེ་གི་རེད། ངོས་ཀྱིས་སྒྲུང་ཞིག་ཤོད་ཀྱི་ཡིན། སྔོན་མ་རྒྱ་ལོ་དོན་གྲུབ་བཀའ་བློན་ཡིན་པའི་སྐབས་ཁོང་རང་བོད་ཡིག་ཀློག་རྒྱུ་ཕྲན་བུ་ཁག་པོ་ཡོད། རྩ་བའི་ལྷག་བསམ་ཧ་ཅང་ཡག་པོ་རེད། འ་རི་འུ་རི་ཕྲན་བུ་ཡོད། གསུམ་བཅུའི་དུས་དྲན་གྱི་སྐབས་ཤིག་ལ་རྒྱ་དོན་དོན་གྲུབ་བཀའ་བློན་ཁྲི་པ་འཁེལ་ཏེ་གསུམ་བཅུའི་དུས་དྲན་གྱི་བཀའ་ཤག་གི་གསུང་བཤད་ཀློག་སྐབས་བརྗོད་བྱ་དུམ་བུ་གཅིག་ཚར་རྗེས་ཟ་ཞེས་བརྗོད་ཀྱི་འདུག
ངོས་རང་རྒྱབ་ཕྱོགས་སུ་བསྡད་ཡོད་པས་ཕྲན་བུ་འཚེར་པོ་བྱུང་། སློབ་ཕྲུག་གིས་ཀློག་བརྡར་ཀློག་གི་ཡོད་པ་ལྟ་བུ་རེད། གོམས་བྱང་མེད་ན་དེ་འདྲ་ཡོང་གི་རེད།
ང་ཚོ་བོད་པའི་དཔེར། མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་པ་ཞེས་བཤད་སྲོལ་ཡོད། ཕལ་ཆེར་ང་ཚོ་བོད་ཀྱི་གནས་སྟངས་དེ་ལྟ་བུ་རེད། གནམ་གྱིས་ས་བརྡུངས་པ་ལྟ༌བུ་རྒྱ་མིས་ང་ཚོར་དྲག་གནོན་བྱས་ཏེ་ཤུལ་མེད་བཏང་བའི་སྐད་ཆ་རེད་ཀྱང་ང་ཚོ་བོད་པ་ཤི་མེད། འཛམ་གླིང་འདིའི་ཐོག་བོད་ཀྱི་གནས་ཚུལ་དེ་སྤྱིར་བཏང་འཛམ་གླིང་འདིའི་ཐོག་གི་གནས་ཚུལ་ཕལ་ཆེར་ཆུང་ཙག་ཆགས་ཀྱི་རེད། གཉིས་ནས་གང་ཙམ་རྙིང་པ་ཆགས་ཀྱི་ཡོད། འོན་ཀྱང་བོད་ཀྱི་ཐོག་ལ་དོ་སྣང་བྱེད་རྒྱུ་དེ་ད་དུང་ཡིན་ཡང་སོས་པ་ལྟ་བུ་ཧ་ཅང་ཡག་པོ་འདུག ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་པ་ཚོར་ཆ་བཞག་ན། མི་རབས་གསར་པ་ཡར་སླེབས་ཡོང་གི་ཡོད། ཁྱེད་རང་ཚོ་གཞོན་སྐྱེས། དཔེར་ན། ཁེ་ན་ཌར་སྐྱེས་ཏེ་འཚར་ལོངས་བྱུང་བའི་ཕྲུ་གུའི་ནང་ལ་ཆ་བཞག་ན། བོད་སྤྱིའི་དོན་དག་ལ་སེམས་ཁུར་དང་ལྷག་བསམ་ཧ་ཅང་ཡག་པོ་ཡོད་པ་ལྟ་བུ་འདུག དེ་དེ་བཞིན་ས་ཁུལ་གང་དུ་ཡིན་ཡང་མི་རབས་གསར་པ་དེ་དག་གིས་བོད་བསྟན་སྲིད་དོན་དུ་ཚང་མར་བོད་མི་རིགས་ཀྱི་ཞེན་ཁོག་དང་སེམས་ཤུགས་ཧ་ཅང་ཆེན་པོ་འདུག་པས་ཡག་པོ་རེད། ལྷག་པར་བོད་ནང་དུ་ཆ་བཞག་ན། དངོས་གནས་མི་རབས་གསར་པ་དེ་དག་གིས་གུང་ཁྲན་ཏང་གི་འོག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་རེད། དེ་དག་གི་སྙིང་སྟོབས་དང་ལྷག་བསམ་ལ་ཆ་བཞག་ན་ཧ་ལས་པ་རེད་འདུག དཔེར་ན། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཟླ་བ་གཅིག་གཉིས་ཀྱི་སྔོན་ལ་རེད། ལྷ་སའི་ཧྲུའུ་ཅི་དེས་ཁ་བྲལ་བའི་ཐོག་(Prepare for war)དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་པའི་ཚིག་བེད་སྤྱོད་བྱས་འདུག གང་ལྟར་ནམ་རྒྱུན་ཁོང་རང་ཚོའི་ཁ་ནས་ཁ་བྲལ་བ་ཉུང་ཤས་ཤིག་རེད། རྒྱ་ཆེའི་མང་ཚོགས་ཧ་ཅང་ཡག་པོ་ཡོད་ཅེས་བཤད་དང་ཤོད་མུས་རེད། འོན་ཀྱང་ཁ་སེང་གློ་བུར་དུ་ང་ཚོས་ཁ་བྲལ་བའི་ཐོག་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅེས་བརྗོད་སྐབས། སེམས་ནང་དེ་ལྟ་བུའི་དངངས་སྐྲག་དང་དེའི་འོག་ནས་ངར་ཤ་སླེབས་ནས་སྐད་ཆ་དེ་འདྲ་ཤོད་ཀྱི་ཡོད་པ་རེད། གང་ལྟར་སྤྱིར་བོད་རྒྱ་ཆེའི་མི་མང་དང་ཡང་སྒོས་མི་རབས་གསར་པ་དེ་དག་སེམས་ཤུགས་ཧ་ལས་པ་རེད་འདུག ངོས་ཀྱིས་རྒྱ་མི་དེ་འདྲ་ཐུག་སྐབས་བོད་མིའི་སེམས་ཤུགས་དེ་སངས་རྒྱས་པའི་ཆོས་དང་འབྲེལ་ཡོད་པ་ཞིག་ཡིན། སངས་རྒྱས་པའི་ཆོས་འཛམ་གླིང་འདིའི་ཐོག་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་ཕྱིན་པའི་ཆོས་བརྒྱུད་ཆགས་ཡོད།
དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག གུང་ཁྲན་ཏང་གི་རྩ་བའི་ལྟ་གྲུབ་དེ་མར་ཁེ་སི་རིང་ལུགས་ཡིན་པ་དེ་ངོ་ལོ་ཉིས་བརྒྱ་ལྷག་ལས་ཕྱིན་མེད། འཛམ་གླིང་འདིའི་ཐོག་དེ་རིང་ཁ་སང་དམར་པོའི་ལྟ་གྲུབ་རེད་ཅེས་བརྗོད་སྐབས་མཐོང་ཆུང་རུ་མ་གཏོགས་ཆེ་རུ་འགྲོ་གི་མི་འདུག དེར་བརྟེན་བོད་མི་མང་གི་སེམས་ཤུགས་དེ་སངས་རྒྱས་ཀྱི་ཆོས་ལ་བསྟེན་པ་ཡིན་སྟབས། མི་རབས་ནས་མི་རབས་བར་གནས་ཀྱི་རེད། དེའི་གོང་ལ་ཁྱེད་རང་ཚོ་མེད་པ་ཆགས་ཀྱི་རེད་ཅེས་བརྗོད་པ་ཡིན། དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན། རྒྱ་མི་གུང་ཁྲན་གཅིག་སྡུད་རིང་ལུགས་ཀྱི་འགྲོ་སྟངས་དེ་ང་ཚོ་བོད་པའི་གཏམ་དཔེར། རལ་པ་ལྷན་པས་མ་ཁེབས་ཞེས་བརྗོད་ཀྱི་ཡོད་པ་ལྟར་རེད་འདུག གང་ས་གང་དུ་རྙོག་གྲའི་ཕུང་པོ་སྤུངས་ནས་བསྡད་འདུག དེ་དག་ཁ་ཐུག་ཁ་ཐུག་དྲག་གནོན་དང་གསར་འགྱུར་བཀག་སྡོམ་བྱས་ཏེ་ཉི་མ་གང་འཁྱོལ་བྱས་ནས་འགྲོ་གི་འདུག་མ་གཏོགས་དེ་དག་གཏིང་ཟབ་པོའི་འཆར་གཞི་དེ་འདྲ་ཧ་ལམ་མེད་པ་ལྟ་བུ་འདུག ཁོང་རང་ཚོའི་འཕྲལ་སེལ་དབང་ཆ་ཟིན་ཐུབ་རྒྱུའི་བསམ་བློ་མ་གཏོགས་ཕུགས་རྒྱང་རིང་པོོ་མི་འདུག ཕྱོགས་གཅིག་ནས་འཛམ་གླིང་འདིའི་ཐོག་གི་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་བརྗོད་སྐབས། མཐོང་དང་གུས་ཞབས་ཡོད་པ་ཞིག་དགོས་ཀྱི་ཡོད་སྟབས། རྫུན་དང་འདྲ་ཆགས་པོ་ཁོ་ན་ཤོད་ཀྱི་འདུག འདྲ་ཆགས་པོ་ཤོད་རྒྱུ་དེ་མཐོང་དང་ཆ་འཇོག་བྱུང་ན་བསམས་ཏེ་རྫུན་ཤོད་ཀྱི་ཡོད། སོ་སོ་རྫུན་མ་བཟོ་གི་མེད། འུ་ཐུག་ནས་རྫུན་མ་འཁྲབ་རྒྱུ་དེ་གང་ལྟར་མཐོང་ཆེ་བ་ཞིག་བྱུང་ན་བསམས་ཀྱི་ཡོད་ཀྱང་དེ་ལྟར་ཡོང་གི་མི་འདུག ཁོང་རང་ཚོོའི་སེམས་ནང་ཡག་པོ་ཞིག་བྱུང་ན་བསམ་པ་དྲན་གྱི་ཡོད་པ་རེད། འོན་ཀྱང་བྱེད་སྟངས་ལྡོག་ཕྱོགས་བྱེད་ཀྱི་ཡོད། བོད་ལ་ཆ་བཞག་ན། དཔེར་ན། ཧུའུ་ཅིན་ཐའོས་འཆམ་མཐུན་བརྗོད་ཀྱི་ཡོད་པ་དེར་ངོས་ཀྱིས་དགའ་བསུ་ཞུ་བཞིན་ཡོད། འཆམ་མཐུན་ཞེས་པ་ཧ་ཅང་ཡག་པོ་རེད། འོན་ཀྱང་འཆམ་མཐུན་ཡོང་རྒྱུའི་ཐབས་ལམ་དེ་དངོས་གནས་གཅིག་གིས་གཅིག་ལ་ཡིད་ཆེས་དང་བློ་གཏད་ཡོད་པ་ཞིག་དགོས། དེ་ལྟར་ཡོང་བར་འདྲ་མཉམ་དགོས་ཀྱི་ཡོད། དྲག་གནོན་དང་མཐོང་ཆུང་བྱས་ན་མཐུན་སྒྲིལ་དང་འཆམ་མཐུན་ཡོང་ཐབས་མེད། ཁོང་ཚོས་ཁ་ནས་འདྲ་ཆགས་པོ་བཤད་དེ་རྒྱ་ནག་ལ་མཐོང་དགོས་ཀྱི་ཡོད་ཀྱང་ལག་ལེན་ངོ་མའི་ཐོག་སོ་སོས་བྱབ་བསྐྱལ་བའི་ཐོག་ལ་སླེབས་འདུག དེར་བརྟེན་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། བོད་པར་ཤ་ཚ་ནས་འགྱུར་བ་ཕྱིན་པ་གང་ཡང་མ་རེད། རྒྱ་ནག་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་གྱི་ཆ་ནས་འགྱུར་བ་མ་བཏང་བར་ཐབས་མེད་པ་ཞིག་ཧ་ཅང་གསལ་པོ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ལོ་ལྔ་བཅུ་ང་གསུམ་ང་བཞི་བརྗོད་སྐབས་གང་ཙམ་རིང་པོ་རེད། བློ་བཟང་སེང་གེ་ལགས་དང་ཚོགས་གཙོ་སྤེན་པ་ཚེ་རིང་ལྟ་བུ་རྒྱ་གར་དུ་སྐྱེས་ནས་འཚར་ལོངས་བྱུང་སྟེ་ད་ཆ་འགན་འཁྱེར་མཁན་འགོ་ཁྲིད་ཐོག་སླེབས་ཡོད། ལོ་ལྔ་བཅུ་ང་གྲངས་ཞེས་མི་སྒེར་གཅིག་གི་མི་ཚེར་བརྩིས་ན་གང་ཙམ་རིང་པོ་ཡིན་ཡང་མི་རབས་ཤིག་གི་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བརྩིས་ན་ལོ་ལྔ་བཅུ་ང་གྲངས་ཐུང་ཐུང་རེད། འདས་པའི་ལོ་ལྔ༌བཅུ་ང་གྲངས་དེའི་ནང་ང་ཚོ་ཕལ་ཆེར་དུས་ཚོད་དཀའ་ལས་ཁག་ཤོས་དང་སྡུག་ཤོས་ལ་བརྩི་ཆོག་གི་རེད། དེའི་རིང་ལ་ང་ཚོ་འཚོ་ཐུབ་ཡོད། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་བསྡད་ཡོད། ང་ཚོ་ཕྱི་ཕྱོགས་སུ་ཡོད་མཁན་ཚོ་ཡིན་ཡང་ལུང་པ་གང་དུ་བསྡད་ཡོད་ཀྱང་ས་གནས་དེར་རང་ཉིད་ཀྱི་ལྟ་གོས་འགྲིག་པའི་ཐོག་བོད་མི་རིགས་ཀྱི་འདུ་ཤེས་གཏན་པོ་འཁྱེར་ནས་བསྡད་ཡོད། དེར་བརྟེན་འབྱུང་འགྱུར་མ་འོངས་པར་ལོ་བཅུ་ཉི་ཤུ་སུམ་ཅུ་དེ་འདྲ་འགོར་བ་ཡིན་ནའང་མུ་མཐུད་ནས་སྡོད་རྒྱུ་རེད་མ་གཏོགས་འགྱུར་བ་རྩ་བ་ནས་འགྲོ་གི་མ་རེད། ལོ་བཅུ་ཉི་ཤུ་འགོར་གྱི་མ་རེད། ལོ་ལྔའམ་བཅུ་གྲངས་ནང་འགྱུར་བ་འགྲོ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། འོན་ཀྱང་ང་ཚོ་ཚང་མས་ལམ་སེང་ལོག་ཆོག་ཆོག་ཡོད་པ་དང་འགྲིག་གི་ཡོད་པའི་རེ་བ་རྒྱག་རྒྱུ་མེད། ང་ཚོ་སྔ་མོ་འགོ་སྟོད་ནས་རེ་བ་བཟང་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད་ཅེས་ནམ་རྒྱུན་ནས་ཤོད་ཀྱི་ཡོད། ང་ཚོས་གྲ་སྒྲིག་སྡུག་ས་ནས་བསམ་བློ་བཏང་སྟེ་བྱ་རྒྱུ་དེ་གལ་ཆེན་པོ་འདུག
སྤྱིར་བཏང་བཤད་ན། བོད་མི་རིགས་ཕལ་ཆེར་སྤོབས་པ་ཡོད་པའི་མི་རིགས་ཤིག་ཡིན་པ་ཏན་ཏན་རེད། སྤོབས་པ་བྱ་རྒྱུའི་རྒྱུ་མཚན་ཡོད། ང་ཚོ་སོ་སོའི་སྐད་ཡོད། ཡི་གེར་ཆ་བཞག་ན། བོད་ཡིག་འདི་འཛམ་གླིང་འདིའི་ཐོག་ཡི་གེ་སྔ་ཤོས་ཀྱི་གྲས་ལ་བརྩིས་ཀྱི་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གཏན་འབེབས་ཡོད་པ་དུས་ད་ལྟ་བར་དུ་བེད་སྤྱོད་གཏོང་རྒྱུ་དེ་དང་ཡང་དེའི་གོང་ནས་ཞང་གཞུང་སྨར་ཡིག་ཅེས་བོན་གཞུང་ནས་ཤོད་ཀྱི་འདུག ཕལ་ཆེར་ཡོད་ས་རེད། ཐོན་མི་སམ་བྷོ་ཊའི་སྐབས་སུ་གཞི་ནས་ཡར་རྒྱས་བཏང་བ་ཕལ་ཆེར་མིན་ནམ། གང་ལྟར་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་ཡི་གེ་ཟུར་དུ་ཡོད་མཁན་ཞིག་ཆགས་ཡོད། རིག་གཞུང་གང་དང་གང་ཞིག་ཡིན་རུང་ཡི་གེ་ཡོད་པ་དེ་ཕྲན་བུ་ཁུངས་བཙན་པོ་ཡོད་པའི་རྟགས་སྟོན་གྱི་ཡོད། འཛམ་གླིང་འདིའི་ཐོག་ཡི་གེ་མེད་པའི་མི་རིགས་མང་པོ་ཡོད། དམིགས་བསལ་ཡི་གེ་མེད་པར་ངག་རྒྱུན་ཐོག་ནས་ཟིན་རྒྱུ་མ་གཏོགས་ཡིག་ལམ་ཐོག་མེད། ང་ཚོ་བོད་པར་ཡི་གེ་ཡོད། ཡི་གེར་ཆ་བཞག་ན། རྒྱ་ཡིག་དང་བོད་ཡིག་བསྡུར་ན། བོད་ཡིག་འདི་དབྱངས་དང་གསལ་བྱེད། དེ་བཞིན་སུམ་རྟགས་འགྲོ་སྟངས་བྱས་ཏེ་ཕལ་ཆེར་བོད་ཡིག་འདི་རྒྱ་ཡིག་ལས་གནས་ཚད་མཐོ་བ་རེད།
སྔ་མོ་བོད་དུ་དུང་དཀར་རིན་པོ་ཆེས་ཡི་གེའི་འགྲོ་སྟངས་བྱས་ན་རྒྱ་ཡིག་ལས་བོད་ཡིག་ཡར་ཐོན་གནས་ཚད་ཆེ་བ་ཞིག་ཡིན་སྐོར་བཤད་འདུག གང་ལྟར་ང་རང་ཚོར་ཡི་གེ་ཟུར་དུ་ཡོད། རྒྱ་མི་ནས་དཔེ་བལྟས་པ་མ་རེད་རྒྱ་གར་ནས་ཕྲན་བུ་ཡིག་གཟུགས་དང་དབྱངས། གསལ་བྱེད་རྒྱ་གར་ཡི་གེར་དཔེ་བལྟས་ཡོད། རྒྱ་གར་ང་ཚོའི་དགེ་རྒན་ཆགས་ཡོད། རྩ་བའི་རྒྱ་དང་བོད་ཅེས་བརྗོད་ན་སྐད་དང་ཡི་གེས་ཤན་ཕྱེ་ནས་ཁག་ཁག་ཡིན་པ་ཧ་ཅང་གསལ་པོ་རེད། ཡི་གེ་དེའི་ནང་བརྗོད་བྱ་གང་འདྲ་ཞིག་ཡོད་དམ་ཞེ་ན། དུས་རབས་གསར་པའི་བརྗོད་བྱ་དེ་ཚོའི་གྲས་བོད་ཡིག་ནང་དེ་སྔ་སླེབས་མྱོང་དང་བེད་སྤྱོད་བྱེད་མྱོང་མེད། དེར་བརྟེན་བརྗོད་གཞི་གསར་པའི་ནང་བོད་ཡིག་གི་མིང་ཚིག་མ་འདང་བ་ཡོད་ལ་ཡར་རྒྱས་ཕྱིན་མེད། བོད་ཡིག་འདས་པའི་ལོ་སྟོང་ཕྲག་གཅིག་གི་རིང་ལ་བེད་སྤྱོད་བྱེད་ས་གཙོ་བོ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་གཙོ་བོ་ཆགས་ཡོད། བཀའ་འགྱུར་པུ་ཏི་བརྒྱ་དང་བསྟན་འགྱུར་པུ་ཏི་ཉིས་བརྒྱ་ལྷག་ཡོད་པ་དེ་དག་སངས་རྒྱས་ཀྱི་ཆོས་དང་ལྟ་གྲུབ་སྐོར་བཤད་ན། དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་སངས་རྒྱས་ཀྱི་ཆོས་ལ་ལྟ་སྒོམ་སྤྱོད་གསུམ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་རྣམ་གཞག་སྟོན་མཁན་གྱི་གཞུང་དེ་བོད་ཀྱི་སངས་རྒྱས་པའི་ཆོས་གཅིག་པུ་ཆགས་ཡོད། དེ་འདྲའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་ཞིག་འགྲེལ་བཤད་རྒྱག་རྒྱུའི་སྐད་དེ་བོད་པའི་སྐད་ཡག་ཤོས་རེད། བོད་ལ་ནང་ཆོས་མ་དར་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་ཡང་། བོད་ལ་ནང་ཆོས་དར་བ་བཞིན་རྒྱ་ནག་ནང་སློབ་གཉེར་གཏིང་ཟབ་པོ་བྱེད་རྒྱུ་ཕལ་ཆེར་མ་བྱུང་བ་ལྟ་བུ་འདུག ལྷག་པར་སློབ་དཔོན་ཕྱོགས་གླང་གི་མཛད་པའི་ཚད་མའི་གཞུང་རིགས་སྒོ་ཞེས་པ་དེ་རྒྱ་ཡིག་ནང་བསྒྱུར་ཡོད་པ་བརྗོད་ཀྱི་འདུག་མ་གཏོགས་གཞན་ཚད་མ་ཀུན་བཏུས་དང་དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་སྡེ་བདུན་སོགས་ཕལ་ཆེར་རྒྱ་ཡིག་ནང་བསྒྱུར་མེད་པ་འདྲ། ཕྱིས་སུ་རྒྱ་ཡི་མཁས་པ་འགའ་ཤས་ཀྱིས་བསྒྱུར་ཡོད་སྐོར་ཤོད་ཀྱི་འདུག་མ་གཏོགས་སྔ་མོ་བསྒྱུར་མི་འདུག
བོད་དུ་ནང་ཆོས་མ་དར་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་ཡང་དེ་ཙམ་གྱིས་རྒྱ་ཆེན་པོ་དང་གཏིང་ཟབ་མོ་ཞིག་བྱུང་མི་འདུག ང་ཚོ་བོད་སྐད་ནང་ཚད་མའི་གཞུང་ལ་དར་སོ་བྱས་ཏེ་ས་སྐྱ་པཎྜི་ཏས་ཚད་མ་རིགས་གཏེར་མཛད་ཡོད། ཆ་པ་ཆོས་སེང་སོགས་ཀྱིས་ཚད་མའི་གཏན་ཚིགས་རྟགས་དང་གསལ་བའི་འགྲོ་སྟངས་གྲས་དེ་ཧ་ཅང་ཡར་རྒྱས་བཏང་སྟེ་ང་ཚོ་བོད་པ་རང་གི་སྔར་རྒྱ་གར་ཚད་མ་པ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་གཞུང་བོད་སྐད་དུ་བསྒྱུར་བ་ཙམ་དུ་མ་ཟད། བོད་པ་རང་ཉིད་ཀྱི་དེ་དག་མུ་མཐུད་ཡར་རྒྱས་བཏང་བའི་མཛད་རྗེས་ཆེན་པོ་འདུག གཞན་དག་ཕར་བཞག་ང་ཚོའི་སྐད་དུ། ཐལ། ཕྱིར། ཞེས་རྟགས་དང་གསལ་བ་འགོད་རྒྱུའི་འགྲོ་སྟངས་བོད་སྐད་ནང་ཡོད་པ་ནང་བཞིན་རྒྱ་ཡིག་ནང་ད་ལྟའང་ཡོང་གི་མི་འདུག་ལ་དབྱིན་ཇི་དང་ཧིན་རྡིའི་ནང་ཡོང་གི་མེད། གཏན་ཚིགས་རིག་པའི་ཐོག་ནས་དཔྱད་པ་བྱ་རྒྱུའི་ཚིག་དེ་བོད་སྐད་ནང་ལོ་བརྒྱ་ཕྲག་མང་པོའི་རིང་ནས་གོམས་བྱང་ཐེབས་ཏེ་བརྟན་པོ་ཆགས་ཡོད། སྐད་ཡིག་གཞན་དག་ནང་ལ་གཏན་ནས་མི་འདུག འབར་མ་དང་ཐེ་ལན་སོགས་ལ་རྩ་བ་དེ་འདྲའི་ཚད་མ་དང་དབུ་མའི་གཞུང་དེ་དག་ཕལ་ཆེར་མེད། དེར་བརྟེན་བོད་ཀྱི་སངས་རྒྱས་ཀྱི་ཆོས་འདི་འཛམ་གླིང་གི་གཅེས་ནོར་རེད་ཅེས་ངོས་ཀྱིས་བརྗོད་ཀྱི་ཡོད། དེ་ནི་རྒྱ་མི་གུང་ཁྲན་གྱི་འུར་ཤོབ་ལྟར་བཤད་པ་མ་རེད། ནང་པ་མང་པོ་ཞིག་ཐུག་སྟེ་ང་ཚོས་གོ་བསྡུར་དང་སྐད་ཆ་བཤད། ཡང་ངོས་ཀྱིས་ཁོང་ཚོར་མཐོང་ཆུང་དང་ང་རྒྱལ་དེ་འདྲ་རྩ་བ་ནས་བྱེད་ཀྱི་མེད། གང་དུ་སུ་དང་འགྲོགས་པའི་ཚེ། བདག་ནི་ཀུན་ལ་དམན་ལྟ་ཞིང། གཞན་ལ་བསམ་པ་ཐག་པ་ཡིས། མཆོག་ཏུ་གཅེས་པར་འཛིན་པར་ཤོག ཅེས་གསུང་པའི་བསམ་བློ་དེ་འཁྱེར་ནས་འབྲེལ་བ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་རང་བཞིན་གྱིས་ནང་ཚགས་ཆགས་ཏེ་ཕན་ཚུལ་བཀའ་མོལ་གནང་སྐབས། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཤེས་ཚད་ང་ཚོ་བོད་པ་ཕལ་ཆེར་འཛམ་གླིང་འདིའི་སྟེང་རྩེ་ཕུད་རེད་འདུག དེ་ཡང་ང་ཚོའི་མི་རིགས་ཀྱི་སྤོབས་པ་བྱེད་རྒྱུ་ཞིག་རེད། ང་ཚོའི་སྐད་དང་དེའི་ནང་ཡོད་པའི་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་སྐོར་དེ་དག་ལ་སྤོབས་པ་བྱེད་རྒྱུ་ཞིག་དང་།
དེང་སང་འཛམ་གླིང་འདིའི་སྟེང་ཚན་རིག་ཤོད་དུས་མི་རྣམ་དཔྱོད་ཅན་བློ་གཟུ་བོར་གནས་པ་དངོས་པོའི་བདེན་དོན་འཚོལ་མཁན་ཞིག་ཆགས་ཡོད། བདེན་དོན་འཚོལ་མཁན་དེས་བརྟག་དཔྱད་བྱས་ཏེ་གྲུབ་དོན་རྙེད་དོན་བརྗོད་པ་དེར་འཛམ་གླིང་གང་ས་གང་ལ་བློ་གཟུ་བོར་གནས་པ་ཚོས་ཆ་འཇོག་དང་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་ཚན་རིག་པ་ཚོའི་ནང་གཙོ་བོ་སེམས་ཀྱི་ཚན་རིག་དང་ཀླད་པའི་སྐོར། འཕྲོད་བསྟེན་སྐོར་སོགས་ལ་བརྟག་དཔྱད་བྱེད་མཁན་མང་པོ་ཞིག་གིས་སེམས་ཀྱི་འགྲོ་སྟངས་དེ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱས་ཏེ་སེམས་ཀྱི་སྐོར་འགྲེལ་བཤད་ཞིབ་ཕྲ་ཆོས་ལུགས་གཞན་དག་སུ་གཅིག་ལ་མི་འདུག རྒྱ་གར་གྱི་ཆོས་ལུགས་ནང་ཡོད་པ་དང་དེའི་ནང་ཚན་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ནང་སེམས་ཀྱི་འགྲོ་སྟངས་འགྲེལ་བཤད་དང་བཅས་པ་མང་པོ་ཡོད་སྟབས། ཚན་རིག་པ་ཚོས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ནང་ནས་སེམས་ཀྱི་འགྲོ་སྟངས་སྐོར་ལ་འགྲེལ་བཤད་ཡོད་པ་དེ་དག་བསླབ་ཆེད་ཧ་ཅང་དོ་སྣང་བྱེད་བཞིན་འདུག
སྔ་མ་རྒྱ་མི་གུང་ཁྲན་གྱིས་བོད་མི་མང་ཚོ་ཆོས་དད་ཆེན་པོ་ཡོད་པ་དེ་རྨོངས་དད་རེད། རིམ་པས་ཚན་རིག་གི་གནས་ཚད་ཡར་རྒྱས་ཕྱིན་ན། རྨོངས་དད་རང་བཞིན་གྱིས་ཡལ་འགྲོ་གི་རེད་ཅེས་ཡིག་ཆ་དེ་འདྲ་ཡོད། ཕྱི་ལོ་ ༡༩༦༠ ཙམ་ལ་ངོས་ཀྱིས་དྲན་གྱི་འདུག་ལ་མཐོང་ཡང་མྱོང་། ཚན་རིག་གི་ཤེས་ཚད་ཡར་རྒྱས་ཕྱིན་ན་ཆོས་དད་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད་ཤོད་ཀྱི་ཡོད། དངོས་ཡོད་གནས་ཚུལ་གོ་ལྡོག་འདུག ཚན་རིག་གི་ཤེས་ཚད་རྩེར་སོན་པ་དེ་ཚོའི་གྲས་ཀྱི་ད་ལྟ་ཡོད་བཞིན་པའི་ཚན་རིག་གི་མ་འདང་བའི་ས་ཆ་ཞིག་ལ་སླེབས་ཡོང་སྐབས་ནང་པའི་གཞུང་ལ་རེ་བ་རྒྱག་རྒྱུ་ཞིག་ཆགས་འདུག དེར་བརྟེན་ང་ཚོ་སྤོབས་པ་བྱེད་རྒྱུ་ཞིག་རེད་འདུག མི་རིགས་ཀྱི་སེམས་ཤུགས་ལ་ཆ་བཞག་ནའང་ང་ཚོ་བོད་མི་རིགས་ཧ་ལས་པའི་སེམས་ཤུགས་ཆེན་པོ་ཡིན་པས་སྤོབས་པ་སྐྱེ་རྒྱུ་ཞིག་རེད། ཡང་འདི་ཕྱོགས་ས་གནས་ཀྱི་གདོད་མའི་མི་རིགས་འདྲ་མིན་ཐུག་གི་ཡོད། ཉེ་ཆར་ཧ་ཝའི་ནང་ཉིན་འགའ་བསྡད་དེ་མི་མང་པོ་ཐུག་བགྲོ་གླེང་གོ་བསྡུར་བྱས་པ་ཡིན། སོ་སོའི་གནའ་རབས་ཀྱི་མི་རིགས་རིག་གཞུང་དང་དེ་ཚོའི་གྲས་དེ་ཞེན་ཁོག་བྱེད་དགོས་ཀྱི་རེད་ལ་ཞེ་དྲག་འདུག ཁོང་ཚོ་ཁ་ཤས་ལ་ང་ཚོ་བོད་པར་ཆ་བཞག་ན་ཆོས་དང་རིག་གཞུང་གཅེས་འཛིན་བྱེད་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོར་འཛིན་བཞིན་ཡོད། འོན་ཀྱང་གཅེས་འཛིན་བྱ་རྒྱུའི་ནང་རིག་གཞུང་དང་གོམས་གཤིས་དུས་ཚོད་ཡོལ་ཟིན་པ་དེ་འདྲ་ཡང་ཡོད་པ་དེ་དག་ང་ཚོས་ཨུ་ཚུགས་བརྒྱབ་སྟེ་རྒྱུན་འཛིན་བྱེད་ཀྱི་མེད། བྱེད་ཐུབ་རྒྱུ་ཡང་མེད། རྩེད་མོ་རྩེས་དེ་ང་ཚོ་བོད་ནས་ཡོང་པའི་ཨ་ཕོ་ཧོར་འབྲོག་པ་རྣམས་བོད་ལ་པགས་ཚག་གྱོན་ནས་སྡོད་ཀྱི་ཡོད། པགས་ཚག་གྱོན་རྒྱུ་དེ་ང་ཚོའི་གོམས་གཤིས་ཡིན་ཞེས་རྒྱ་གར་ཚ་བའི་ལུང་པའི་ནང་པགས་ཚག་གྱོན་ན་ལྐུག་པ་རེད། དངོས་ཡོད་གནས་ཚུལ་ལ་བལྟས་ནས་འགྲོ་རྒྱུ་རེད། ང་ཚོའི་དངོས་གནས་རིག་གཞུང་དང་གོམས་གཤིས་ངོ་མ་ཕན་ཐོགས་ཡོད་པ་གང་རེད་དམ་བརྗོད་ན། བསམ་བློ་གཏོང་སྟངས་ཐོག་ནས་ཡ་རབས་དང་སྡིག་པ་གསོག་རྒྱུ་མེད་པ་ཞིག་དགོས་ཀྱི་ཡོད།
ཡང་ངོས་ཀྱིས་སྒྲུང་ཞིག་བཤད་ཆོག་ལོ་གཅིག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཆགས་ཚར་བའི་རྗེས་ཚོགས་འདུ་ཞིག་གི་སར་ངོས་སླེབས་པ་རེད། ཚོགས་མཚམས་ཤིག་ཚར་ཏེ་ང་ཚོ་ཉིན་གུང་ཞལ་ལག་བཟས་ཏེ་བསྡད་ཡོད། དེ་འདྲ་ཞིག་ལ་ཚོགས་མི་སྐྱེ་དམན་འགའ་ཤས་ཤིག་དེར་ཁ་ལག་ཟ་བཞིན་སར་རྐུབ་སྟེགས་སྟོང་པ་ཞིག་འདུག་པ་དེར་ངོས་འདིར་སྡོད་ཅེས་བརྗོད་ཀྱི་འདུག ང་ཚོ་ཁ་ལག་ཟ་བཞིན་སྐབས་དེར་སྦྲང་བུ་མེ་ཏོག་སྟེང་འཁོར་མཁན་གྲས་སྙིང་རྗེ་པོ་ཞིག་སླེབས་ཏེ་ས་ལ་བབ་སོང། ཨ་ཅག་ལག་གྱོན་ཆས་འདྲ་ཆགས་གྱོན་པ་དེས་ལམ་སེང་རྡོག་བརྫིས་བཏང་སོང་། ཡང་སྒྲུང་སྙན་པ་ཞིག་ལ་ཕལ་ཆེར་ངོས་རྒྱ་གར་ཤར་ཕྱོགས་གོ་ཧ་ཌི་ལ་འགྲོ་རྒྱུ་བྱས་ཏེ་སྦག་ཌོ་རར་གནམ་ཐང་ལ་ཏོག་ཙམ་ངལ་གསོ་བརྒྱབ་སྟེ་བསྡད་པ་ཡིན། སྐབས་དེར་ཕྱི་རྒྱལ་མི་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་གང་ཙམ་འདུག་པ་ནས་འགའ་ཤས་ཀྱིས་ངོས་ཀྱི་འཁྲིས་ལ་ཡོང་སྟེ་སྐད་ཆ་བཤད་ནས་བསྡད་པ་རེད། དེ་འདྲ་ཞིག་ལ་སྦྲང་བུ་ཞིག་སླེབས་སོང་བ་དེ་ཨ་ཅག་ལགས་དེས་ལམ་སེང་བསད་སོང་བར་ངོས་སྐད་ཤོར་ཏེ་ཨ་ཙི་དེ་འདྲ་བྱེད་རྒྱུ་མེད་ཅེས་བརྗོད་པས། ཁོང་གིས་རྗེས་སུ་སྦྲང་བུ་རྩ་བ་ནས་གསོད་ཀྱི་མིན་ཞེས་བརྗོད་བྱུང་། ང་ཚོ་བོད་པ་ཆུང་དུས་ནས་འུ་ཐུག་ན་འབུ་ཕྲྲན་བུ་གསོད་ཀྱི་རེད་མ་གཏོགས་གཞན་སྙིང་རྗེ་སྡིག་པ་ཡོད་ཅེས་བརྗོད་ཀྱི་རེད། ཆུང་དུས་ནས་སྲོག་ཆགས་ཕྲ་མོ་ཚུན་ཆད་ནས་གསོད་རྒྱུ་མེད་སྡིག་པ་ཡོད། དཔེར་ན། སྐམ་ལ་གནས་པའི་འབུ་ཞིག་ཆུས་འཁྱེར་འགྲོ་གི་ཡོད་ན། ཆུའི་ནང་ནས་བཏོན་ཏེ་སྐམ་སར་སྐྱེལ་གྱི་རེད། ཡང་ཆུ་མར་སྐམ་ཏེ་ཉ་ལུས་ཡོད་ན་དེ་དག་ཆུ་ཡོད་སར་སྐྱེལ་རྒྱུའི་གོམས་གཤིས་ཤིག་ང་ཚོར་ཡོད། དགེ་བ་དང་སྡིག་པ་རྒྱ་ཆེན་པོ་མ་ཤེས་ཀྱང་གང་ལྟར་གཞན་ལ་གནོད་འཚེ་བྱ་རྒྱུ་མེད་ཅེས་པའི་གོམས་གཤིས་ང་ཚོར་ཡོད། དེ་དག་དཔེ་མི་སྲིད་པའི་རྩ་ཆེན་པོ་རེད།
སྤྱིར་བཏང་ཧམ་པ་ཤོད་མཁན་རེ་ཟུང་ཡོང་གི་རེད་མ་གཏོགས་སྤྱི་ཡོངས་ནས་བོད་པའི་གོམས་གཤིས་ལ་དྲང་པོ་དང་སྐྱག་རྫུན་མ་ཤོད་པ་ཧ་ཅང་ཡག་པོ་རེད། དྲང་པོ་དང་སེམས་པ་བཟང་པོ། ཧམ་པ་མི་བྱེད་རྒྱུ་དེ་བཞིན་འགག་ལ་ཐུག་ན་གྱོང་པོ་བྱེད་ཐུབ་མཁན་དེ་ཡག་པོ་རེད། མི་འགའ་ཤས་ནམ་རྒྱུན་སྦོམ་མདོག་ཁ་པོ་དང་འུ་ཐུག་ན་བྲོས་འགྲོ་མཁན་དེ་ཞབས་འདྲེན་མ་རེད་དམ། ང་ཚོ་བོད་པའི་བྱེད་སྟངས་དེ་ཧ་ཅང་ཡག་པོ་རེད། བོད་པའི་གོམས་གཤིས་དེ་མི་ཚེ་དང་མིའི་སྤྱི་ཚོགས་ནང་ཕན་ཐོགས་ཡོད། དེར་བརྟེན་ང་ཚོ་བདག་པོ་རྒྱག་དགོས་ཀྱི་རེད་ལ་རྒྱག་ཐུབ་ཀྱི་རེད། དེ་ལྟ་བུའི་བསམ་བློ་བཏང་སྟེ་ཁོང་ཚོར་ཤོད་རྒྱུ་བྱུང་། ང་ཚོས་སོ་སོའི་གནའ་རབས་ཀྱི་གོམས་གཤིས་གཅེས་སྐྱོང་བྱེད་རྒྱུ་ཟེར་བར་ང་ཚོས་བསམ་བློ་གཏོང་དགོས། དེང་སང་འཕྲུལ་ཆས་དར་བའི་དུས་ཚོད་རེད། དེར་འགྲོ་རྒྱུ་རེད་མ་གཏོགས་སྔ་མོའི་འགྲོ་སྟངས་ཁོ་ནར་བསམ་བློ་གཏོང་རྒྱུ་མེད། དེ་འདྲའི་བསམ་བློ་གཏོང་སྐབས་ངོས་ལ་ཉེ་ཆར་རང་བསམ་བློ་ཞིག་འཁོར་བྱུང་། ང་ཚོའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞུ་བ་ཁོང་རྣམ་པ་བསམ་བློ་གུ་ཡངས་པོ་རེད་། སོ་སོའི་མི་རིགས་ཀྱི་ཞེན་ཁོག་བྱས་ཏེ་ང་ཚོའི་གདོད་མའི་རིག་གཞུང་དང་ཆོས་རྐྱང་པ་བསམ་བློ་བཏང་སྟེ་བསྡད་ན་རྒྱ་གར་ནས་ནང་པའི་ཆོས་ལེན་གྱི་མ་རེད། སོ་སོར་བོན་གཞུང་ཡོད་མུས་རེད། ཆོས་རྒྱལ་ཚོ་བློ་གཟུ་བོར་གནས་པ་བྱས་ཏེ་དངོས་གནས་ག་རེ་ཡག་པ་ཡོད་ཀྱང་ཡག་པ་དེ་དང་ལེན་གནང་རྒྱུ་དེ་ཧ་ཅང་གྲུང་པོ་རེད་འདུག གཞན་ཆོས་རྒྱལ་རྒྱལ་པོ་བྱས་ཏེ་རྒྱལ་པོ་ཁྲིའི་སྟེང་བཞུགས་སྔར་གྱི་ལུགས་སྲོལ་ཁོ་ན་བྱས་ཏེ་འགྲོ་རྒྱུའི་ཉེན་ཁ་ཡོད། དེ་ལྟར་མ་གནང་བར་གཡས་གཡོན་ལ་བལྟས་ནས་འབྲེལ་བ་བྱས་ཏེ་སངས་རྒྱས་པའི་ཆོས་རྒྱ་གར་ལ་ཡོད་པ་དེ་ཧ་ཅང་སྤུས་དག་པོ་ཡོད་པ་གཟིགས་ཏེ་ནང་ཁུལ་དུ་འགལ་ཟླ་ཡོད་ཀྱང་། འགལ་ཟླ་དེ་དག་ལ་གདོང་ལེན་བྱས་ཏེ་རྒྱ་གར་ནས་ཆོས་བཞེས་འདུག ངོས་ཀྱིས་ནམ་རྒྱུན་ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་བདེན་ཆ་ཏོག་ཙམ་ཡོད། ཁ་ལག་ཞིམ་ལོས་ལྟ་དུས་ང་ཚོའི་སྤགས་དང་ཐུག་པ། ཤ་མར་དེ་ཚོ་བཅུད་ཆེན་པོ་ཡོད་ཀྱང་། རྒྱ་ནག་གི་ཚལ་དེ་དག་ཡག་པོ་ཡོད་དུས་དཔེར་ན་ཚལ་ཞེས་པའི་མིང་ཚིག་དེ་རྒྱ་སྐད་རེད། ཁ་ལག་རིགས་དེ་དག་རྒྱ་ནག་ནས་ཏོག་ཙམ་བཞེས། གྱོན་ཆས་དེ་སོག་པོ་གནམ་གཤིས་ཧ་ཅང་གྲང་མོ་ཡོད་པ་དང་སོག་པོའི་གྱོན་ཆས་དྲོ་པོ་ཡོད་སྟབས་སོག་པོ་ནས་བཞེས། ཡང་སྟག་གཟིགས་ལུང་པའམ་པཱ་སིའི་ཡ་ཕྱོགས་ནས་བཞེས་ཏེ་ཧ་ཅང་གྱོང་པོ་རེད་བསམ་གྱི་འདུག
ང་རང་ཚོ་སོ་སོའི་གོམས་གཤིས་འདི་ཡིན་ཞེས་ལྐུགས་པ་ཨུ་ཚུགས་མ་བརྒྱབ་པར་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཕན་ཐོགས་ཡོད་པ་དེ་ག་པར་ཡོད་ཀྱང་དེ་ནས་ཚུར་བཞེས་འདུག མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ཏེ་སློབ་སྟོན་གནང་བ་རེད་བརྗོད་ཀྱི་འདུག ཁྱེད་རང་ཚོའི་སངས་རྒྱས་པའི་ཆོས་དེ་ཆ་ཚང་བོད་ཡིག་ནང་བསྒྱུར་ཏེ་བོད་སྐད་ནང་ནས་བཤད་སྦྱང་བྱེད་ཐུབ་པ་ཞིག་བྱེད་དགོས་པ་རེད། བོད་ཡིག་རང་ནང་འཆད་ཉན་བྱས་ཏེ་སློབ་སྦྱོང་བྱེད་ཐུབ་པ་ཞིག་དགོས་ཀྱི་རེད། རྒྱ་གར་སྐད་ལ་བསྟེན་དགོས་མ་རེད་ཅེས་དང་། མཁན་ཆེན་ཞི་བ་འཚོ་ཁོང་རང་ཉིད་ཀྱང་དགུང་ལོ་བགྲེས་པོ་དེ་འདྲ་ཞིག་ལ་ཕེབས་ཡོད་ཀྱང་བོད་སྐད་སློབ་སྦྱོང་གནང་རྒྱུར་ཨུ་ཚུགས་བསྐྱོན་ཡོད། ཅེས་ཤོད་མཁན་འདུག དེར་བརྟེན་ང་ཚོ་བོད་པས་སོ་སོའི་མི་རིགས་རང་མཚན་གྱི་ལྟ་གྲུབ་དེ་ཆ་ཚང་བཟོས། དེ་དང་ཆབས་ཅིག་ལེགས་ཆ་ཡོད་པ་དེ་དག་ལྐུགས་པའི་ཨུ་ཚུགས་བྱས་ཏེ་མ་བཞུགས་པར་གཡས་གཡོན་བླངས་ཏེ་ཧ་ཅང་གྲུང་པོ་རེད་བསམ་གྱི་འདུག
ང་ཚོ་བོད་པ་སྤོབས་པ་བྱ་རྒྱུའི་མི་རིགས་ཤིག་རེད་འདུག ཁྱེད་རང་ཚོ་ལོ་རྒྱུས་ཡོད་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྒྱུད་འཛིན་བྱེད་མཁན་ཞིག་ཆགསཡོད་པས་ཞབས་འདྲེན་མ་ཞུས་པར་ཧུར་ཐག་བྱས་ཏེ་གཟབ་གཟབ་བྱེད་ཤོག་ཨང་། སོ་སོའི་མི་རིགས་ཀྱི་ལྟ་བ་འཁྱེར་མི་རིགས་ཀྱི་ལྟ་བ་དང་འབྲེལ་བའི་ཐོག་ནས་དྲང་པོ་དྲང་གཞག་ཡ་རབས་བསམ་པ་བཟང་པོ་དེ་དག་མུ་མཐུད་བྱེད་དགོས། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་ཞིག་དང་ཆོས་ཡིན་ཡང་། ང་ཚོ་སངས་རྒྱས་པའི་ཆོས་ཞེས་མ་ཎི་བགྲང་རྒྱུ་དང་སྐྱབས་འགྲོ་འདོན་རྒྱུ་དེ་ལས་བརྒལ་བའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འགྲོ་སྟངས་གང་འདྲ་ཡིན་པ་མ་ཤེས་པར་བྱས་ནས་བསྡད་ན་རྗེས་ལུས་རེད། ཡིན་གཅིག་མིན་གཅིག་སོ་སོའི་དད་པ་བྱེད་སའི་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་པ་དེ་དག་ལ་སློབ་སྦྱོང་དང་དོ་སྣང་བྱས་ཏེ་ཤེས་པར་བྱེད་དགོས། ངོས་ཀྱིས་ནམ་རྒྱུན་ནས་བཀའ་འགྱུར་བསྟན་འགྱུར་པུ་ཏི་སུམ་བརྒྱ་ཙམ་ཡོད་པ་དེ་དག་ང་ཚོས་ཕྱག་མཆོད་འབུལ་བྱེད་ས་ཞིག་ཏུ་བརྩི་རྒྱུ་མེད། དེ་དག་ང་ཚོའི་སློབ་སྦྱོང་བྱ་རྒྱུའི་དཔེ་དེབ་གལ་ཆེ་ཞིག་རེད། ང་ཚོ་ཚང་མང་ཆེ་བས་སྤྱི་པའི་ལྷ་ཁང་དང་སྐུ་འདྲ་ཆེན་པོ་དེ་འདྲ་བཞེངས་ཀྱི་ཡོད་པ་ཡག་པོ་རེད། ངོས་ཀྱིས་རྒྱ་མི་དེ་འདྲ་ལ་ཤོད་ཀྱི་ཡོད། རྒྱ་མི་སྐུ་བཞེང་རྒྱུར་དགའ་པོ་འདུག སྐུ་བཞེང་རྒྱུ་ཡག་པོ་འདུག་ཀྱང་སྐུས་གསུང་བྱོན་གྱི་མ་རེད། ཁ་སེང་རང་ངོས་རང་མཚོ་པདྨར་ཕྱིན་པའི་སྐབས་ལ་སློབ་དཔོན་རིན་པོ་ཆེའི་སྐུ་ཆེན་པོ་ཧ་ལས་པ་ཞིག་བཞེངས་འདུག དེ་དུས་ཤོད་རྒྱུ་བྱུང་། ཁྱེད་ཚོས་སློབ་དཔོན་རིན་པོ་ཆེའི་སྐུ་ཆེན་པོ་བཞེངས་འདུག་པས་ཧ་ཅང་ཡག་པོ་རེད། འོན་ཀྱང་སྐུ་དེ་ལོ་སྟོང་ཕྲག་གཅིག་ཙམ་བཞུགས་མདོག་ཁ་པོ་རེད། དེའི་རྗེས་ལ་གསུང་བྱོན་གྱི་མ་རེད། ཉི་མ་ཚ་པོ་དང་གནམ་གཤིས་གྲང་མོ་སེར་བ་བཏང་ཡང་འགྱིང་ངེར་བཞུགས་ཀྱི་རེད། དེར་བརྟེན་ག་རེ་གལ་ཆེན་པོ་རེད་ཅེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དེ་ང་ཚོས་སློབ་སྦྱོང་བྱས་ཏེ་སེམས་རྒྱུད་ལ་འཇགས་པ་བྱས་ཐོག་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ་བསམ་བློ་བཏང་ནས་འགྲོ་རྒྱུ་རེད་མ་གཏོགས་སྐུ་ཞིག་བཞག་ནས་སྐྱབས་སུ་མཆི་བརྗོད་པས་ཕན་ཐོགས་མེད་ཤེས་སོང་ངམ། ཕྱི་ལོ་ ༡༩༥༩ ལོར་བོད་མི་བཙོན་ཁང་ནང་ཚུད་ཡོད་པ་ཚོར་རྒྱ་མིས་ཁྱེད་རང་ཚོས་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་ལྟོ་ཆས་དཀོན་མཆོག་གི་གནང་གི་རེད། ཅེས་ལྟོ་ཆས་མ་སྤྲད་པར་བཞག་པ་དེ་འདྲ་བྱུང་ཡོད། བསྟན་བཤིས་ཚ་པོ་འདུག བླ་མ་ལ་སྐྱབས་སུ་མཆི། སངས་རྒྱས་ལ་སྐྱབས་སུ་མཆི་བརྗོད་པས་གྲོད་ཁོག་རྒྱག་གི་མེད་པར་ལྟོ་ཆས་ཟ་དགོས་ཀྱི་འདུག སངས་རྒྱས་པའི་ཆོས་ཀྱི་སེམས་ཀྱི་འགྲོ་སྟངས་དེ་ཤོད་ཀྱི་ཡོད་པ་དེ་དག་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་རེད། དེ་ནི་སློབ་སྦྱོང་བྱས་ཏེ་ཤེས་དགོས་པ་རེད་མ་གཏོགས་སློབ་སྦྱོང་མ་བྱས་པར་ཡོང་རྒྱུ་མེད། དེར་བརྟེན་ང་ཚོས་ཆོས་ལ་དད་པ་ཡོད་པ་ཙམ་གྱིས་ཆོག་ཤེས་མ་བྱས་པར་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁྱེད་རང་ཚོ་འདིར་དགེ་འདུན་པ་གང་ཙམ་འདུག ཡིན་གཅིག་མིན་གཅིག་མང་ཚོགས་དང་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱ་རྒྱུ་གལ་ཆེན་པོ་རེད།
དེང་སང་རྡ་རམ་ས་ལར་ཁྱིམ་པ་ཕོ་མོ་ཚོའི་ནང་ལའང་དཔེ་ཆ་སློབ་གཉེར་གང་ཙམ་བྱས་ཏེ་རྟགས་གསལ་གཏོང་གི་ཡོད། ངོས་ཀྱིས་རྩེད་མོ་བརྩེས་ནས་ཉེ་ཆར་སྨོན་ལམ་ཚོགས་པའི་སྐབས། འདི་ལོ་སྔར་མེད་པའི་བཙུན་མས་རྟགས་གསལ་གཏོང་རྒྱུ་བྱས་པ་བཞིན་ཧ་ཅང་ཡག་པོ་གཏོང་གི་འདུག མི་མགོ་དཀར་པོ་ཀླད་པ་ལྗང་གུ་ཁ་ཤས་ཀྱིས་ད་ཡིན་ན་རྣམ་རྟོག་ཟ་བཙུན་མས་རྟགས་གསལ་གཏོང་གི་འདུག་བརྗོད་རྒྱུའི་ཉེན་ཁ་ཡོད། ཅེས་ཤོད་རྒྱུ་བྱུང་། སངས་རྒྱས་པའི་ཆོས་ཀྱི་ཤེས་ཚད་སྐད་གཞན་ལ་བརྟེན་དགོས་མེད། དབྱིན་ཇི་དང་ཧིན་རྡི་སྦྱང་དགོས་མ་རེད། རང་ཉིད་སྐྱེས་སྐབས་ཀྱི་སྐད་ཡིག་དེའི་ཐོག་སློབ་སྦྱོང་བྱས་ཏེ་འགྲོ་རྒྱུ་ཞིག་ཆགས་ཡོད། དེ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཆགས་འདུག ཆོས་སློབ་སྦྱོང་ཟེར་བ་དེ་གྲྭ་པ་དང་མཚན་ཉིད་པ་ཙམ་མ་ཟད། ཆོས་དད་ཡོད་མཁན་གཅིག་པུའི་སྐད་ཆ་མ་རེད། ཆོས་དད་མེད་མཁན་ཚོས་ཀྱང་རིགས་ལམ་དང་ལྟ་གྲུབ་ཤེས་ན་ཕན་ཐོགས་ཡོད། དཔེར་ན། ཚན་རིག་པས་དེ་ཚོའི་གྲས་སྦྱང་གི་འདུག ཉེ་ཆར་ང་ཚོའི་ཚན་རིག་གི་ཚོགས་འདུ་ཞིག་སར་ཚན་རིག་ཐོག་སྐད་གྲགས་ཡོད་པ་ཞིག་འདུག ཁོང་རང་གིས། ཁྱེད་རང་ཚོས་བོད་པའི་ནང་ཆོས་སློབ་སྦྱོང་སྤྲོད་པའི་སྐབས་ལ་རྟགས་གསལ་བཏང་ནས་དཔྱད་པ་བྱ་རྒྱུ་ཞིག་འདུག་པ་དེ་འཛམ་གླིང་འདིའི་སློབ་ཚན་གཞན་དག་ནང་ལ་རྟགས་གསལ་གཏོང་རྒྱུའི་ཐབས་ལམ་འདིའི་ཐོག་ནས་སློབ་སྦྱོང་སྤྲོད་རྒྱུ་ཞིག་བྱེད་ཐུབ་ཀྱི་མ་རེད་དམ་ཞེས་བརྗོད་ཀྱི་འདུག སྐབས་དེར་ངོས་ཀྱིས་ཏན་ཏན་ཡོང་གི་རེད། ང་ཚོས་དེར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་ཤོད་རྒྱུ་བྱུང་། དེ་ཚོའི་གྲས་དེ་རྣམ་དཔྱོད་འཕེལ་རྒྱུར་ཕན་ཐོགས་ཡོད། དེ་ང་ཚོ་སོ་སོའི་གཅེས་ནོར་རེད་མ་གཏོགས་སོ་སོར་མེད་པ་མི་གཞན་ནས་སྦྱོང་རྒྱུ་ཞིག་མ་རེད། སོ་སོར་ཡོད་པ་དེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་འདུག དེར་བརྟེན་ཁྱེད་རང་ཚོས་ནང་ཆོས་བགྲོ་གླེང་དང་གོ་བསྡུར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞོན་སྐྱེས་ཕྲུ་གུ་ཚོས་བོད་པའི་སྐད་ཆུང་དུས་ནས་ཤེས་པར་བྱ་རྒྱུ་དེ་གནད་འགག་འདུག
ང་ཕྱི་རྒྱལ་ལ་ཡོད་པའི་ཕྲུ་གུ་འགའ་ཤས་བོད་སྐད་མ་ཤེས་པའི་དཀའ་ངལ་ཞིག་ཡོང་གི་འདུག ག་ཚོད་ཐུབ་ཐུབ་ཀྱིས་ཟུར་དུ་བོད་སྐད་སློབ་རྒྱུའི་གོ་སྐབས་བྱུང་ན་ཡག་པོ་རེད། དེ་ལྟར་མ་བྱུང་ནའང་སོ་སོའི་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ད་རེས་ཆི་ག་གོར་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་དྲག་འདེམས་བྱས་པའི་ནང་བོད་པའི་བུ་མོ་ཞིག་འདུག རྒྱ་གར་དུ་སྐྱེས་ནས་ཕ་མ་མཉམ་དུ་འདིར་ཚུར་སླེབས་ཏེ་སློབ་སྦྱོང་བྱས་པ་དེས་བོད་སྐད་ཡག་པོ་རྒྱག་གི་འདུག དབྱིན་ཇིའི་དེང་དུས་སློབ་སྦྱོང་ཚད་ལོང་པ་བྱས་ཏེ་སློབ་ཕྲུག་དྲག་གྲས་ཀྱི་ཁོངས་སུ་སླེབས་འདུག་པས་དེ་ལྟར་བྱས་ན་ཡག་པོ་འདུག བོད་སྐད་ཀྱང་ཤེས་པ་དང་བོད་པའི་དྲི་མ་ཆ་ཚང་ཡོད་པ་བྱས་ཐོག་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་དེ་འདྲ་བྱེད་དགོས་ཀྱི་འདུག་པས། ཁྱེད་རང་ཚོའི་སེམས་ལ་འཇོག་དགོས་བཀྲིས་བདེ་ལེགས།
དེ་བཞིན་ཞོར་དུ་གཅིག་བཤད་ན། ཁྱེད་རང་ཚོ་དགའ་པོ་ཡོང་མདོག་ཁ་པོ་རེད། ངོས་རང་འཆར་ཅན་ཕྱི་ཟླ་ ༤། ༥ ནང་ཨ་རིར་ཡོང་སྐབས་མེ་ཡོ་(Mayo Clinic)ཞེས་པའི་སྨན་ཁང་ཆེན་མོ་དེར་ངོས་སྔོན་མ་བརྟག་དཔྱད་བྱེད་རྒྱུ་འགོ་བཙུགས་ནས་ད་བར་ལོ་བདུན་ཙམ་ཕྱིན་པ་རེད། ད་རེས་འདིར་འཆར་ཅན་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ་ལོ་བདུན་ནང་གཟུགས་པོར་འགྱུར་བ་གང་ཡང་ཕྱིན་མི་འདུག་པས་ཧ་ཅང་ཡག་པོ་འདུག ཅེས་བརྗོད་ཀྱི་འདུག ཁྱེད་རང་ཚོ་ཆང་མ་བློ་བདེ་པོ་དང་སེམས་སྐྱིད་པོ་བྱས་ནས་སྡོད་ཨང་། སེམས་གཏིང་ནས་རིག་པ་སྒྲིམ་ཏེ་ང་ཚོ་བོད་ལུང་པ་དེ་དཀའ་ངལ་ནང་ལྷུང་ཡོད་པ་དེ་མ་བརྗེད་པ་བྱས་ཏེ་རིག་པ་སྒྲིམ་དགོས། ཡང་རིག་པ་སྒྲིམ་སྟེ་སེམས་མ་སྐྱིད་པ་བྱེད་དགོས་མེད། སེམས་ལྷོད་ལྷོད་ངང་ནས་ཧུར་ཐག་བྱས་ཏེ་སྡོད་ཨང། ཞེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།།