༢༠༡༢ ཟླ་ ༤ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་གསར་དུ་བཞེངས་པའི་འོག་མིན་འཛི་སྒར་ཨོ་རྒྱན་ཆོས་འཁོར་གླིང་གི་རྟེན་གཙོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་ལེགས་གྲུབ་བྱུང་བར་༸གོང་ས་མཆོག་གིས་རབ་གནས་དང་བྱིན་འབེབས་དེ་བཞིན་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
དེ་ཡང་ཉིན་དེའི་སྔ་དྲོ་མགོན་པོ་གང་ཉིད་མཆོག་གནས་དེར་ཆིབས་སྒྱུར་བསྐྱངས་སྐབས་འཛི་སྒར་རིན་པོ་ཆེ་མཆོག་གིས་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་དང་དགོན་དེའི་སེར་མོ་བ་ཚོས་བཀྲ་ཤིས་མཆོད་རྫས་སྣ་ཚོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་དང་སྦྲགས་གསར་དུ་བཞེངས་གྲུབ་པའི་གུ་རུའི་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་དེ་རབ་གནས་དང་བྱིན་འབེབས་ཀྱི་ཆོ་ག་གསུང་འདོན་མཛད་གྲུབ་མཚམས་འཛི་སྒར་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མགོན་པོ་གང་ཉིད་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྡུས་པ་བསྟར་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ད་རེས་འགལ་རྐྱེན་ཞིག་འཕྲད་པར་སོང་མཛད་སྒོ་ཆ་ཚང་ཞིག་མ་གྲུབ་པ་རེད། འོན་ཀྱང་དོན་གྱི་ད་རེས་འདིར་བརྟན་བཞུགས་དང་རབ་གནས་ལེགས་པར་གྲུབ་སྟེ་ཧ་ཅང་ཡག་པོ་བྱུང་སོང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཙོ་བོ་རིན་པོ་ཆེས་གཙོས་དབུ་ལས་རྣམ་པ་ཚོས་ལོ་ནས་ལོ་བསྟུད་དེ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རེད། བགྲེས་སོང་ཁྱེད་རང་དེ་སྔ་ངོས་རང་འདི་གར་ཡོང་སྐབས་ཁྱེད་རང་འདིར་ཡོད། ཁྱེད་ཀྱིས་མི་ཚེ་གང་པོ་འདིའི་འཛུགས་སྐྲུན་ལ་བཏང་སྟེ་སོ་སོའི་འདོད་དོན་གྲུབ་པ་རེད། བསྟན་པའི་སྲི་ཞུ་བསྒྲུབ་རྒྱུ་ཞིག་ཆགས་ཡོད།
ང་ཚོས་འདི་ལྟ་བུའི་བསྟན་པའི་སྲི་ཞུ་རྣམ་དཀར་གྱི་བྱ་བ་སྒྲུབ་སྐབས་བསྔོ་བ་དང་ཡི་རང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བསྔོ་བ་དེ་ཡང་ནམ་མཁའི་མཐར་ཐུག་པའི་སེམས་ཅན་ལ་འཕྲལ་བདེ་བ་དང་ཕུགས་ལ་ཕན་པ་བྱེད་རྒྱུའི་བསྔོ་བ་སྨོན་ལམ་རྒྱག་རྒྱུ་དེ་གནད་འགག་ཆེན་པོ་རེད། གཞན་དམིགས་བསལ་ཞུ་རྒྱུ་མི་འདུག ཁ་ཉིན་བཀའ་ཆོས་སར་ཞུས་པ་ལྟར་སྤྱི་སྒོས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གལ་ཆེན་པོ་རེད། ནམ་རྒྱུན་ངོས་ཀྱིས། སྔ་འགྱུར་རྙིང་མ་དང་གསར་མ། བཀའ་གདམས། བཀའ་བརྒྱུད། ས་སྐྱ། དགེ་ལྡན། ཇོ་ནང་དང་བཅས་པ་དེ་དག་རྒྱུད་སྡེ་དང་ཡི་དམ་མི་འདྲ་བ་དེ་འདྲའི་ཐོག་ནས་ཁྱད་པར་ཡོད་པ་དང་། ཡི་དམ་སོ་སོའི་ལམ་འགྲོས་བའི་རིམ་པ་ཕྲན་བུ་མི་འདྲ་བ་ཡོད། ལྷག་པར་རྫོགས་རིམ་སྐབས་ཕྲན་བུ་མི་འདྲ་བའི་ཐོག་ནས་ཁྱད་པར་ཕྲན་བུ་ཐོན་གྱི་ཡོད། དེ་ཐམས་ཅད་ཀྱི་རྩ་བའི་སྡོང་པོའི་ཚོད་ལྟ་བུ་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་ཁ་ཉིན་བརྗོད་པ་ལྟར། ལེགས་པར་བཤད་པ་གཏན་ལ་ཕབ་པ་དེ་དག་བསྟན་པ་སྤྱི་མཚན་ནམ་སྡོང་པོའི་བཟོ་འདྲ་ཆགས་ཡོད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་གནད་མཐའ་དག་རིག་པའི་ལམ་ནས་གཏན་ལ་ཕབ་པ་དེ་བསྟན་པ་སྤྱིའི་གདུགས་ལྟ་བུ་དེ་རེད་འདུག དེ་དག་ཡོད་པའི་ཐོག་ལ་གང་ཟག་དགོས་མཚན་གྱི་དབང་དུ་གསུངས་པ་སྔ་འགྱུར་རྙིང་མ་ལ་སོགས་པ་གསར་པ་གསར་པ་དང་རྙིང་མ་བཅས་དུས་ཀྱི་རིམ་པ་རེད་ལ་གཙོ་བོ་རྒྱུ་མཚན་འབྲེལ་ཡོད་པར་བརྟེན་གང་ཟག་དགོས་མཚན་རེད་འདུག དེ་ལྟར་སོ་སོར་དགོས་དོན་ཡོད་པ་ཞིག་ཆགས་ཡོད། ཅེས་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོ་ཚང་མ་ཡན་ལག་སོ་སོའི་སྟེང་ཕྱིན་ན། རྒྱུད་སྡེ་དང་གྲུབ་མཐའ་ཕྲན་བུ་མི་འདྲ་བ་ཆགས་ཡོད། རྫོགས་རིམ་གྱི་ཐ་སྙད་འདོགས་སྟངས་དེ་འདྲ་ཤོད་སྐབས་མི་འདྲ་བ་ཡོད། དེ་དག་ཚང་མ་ཞི་ལྷག་ཟུང་འབྲེལ་གྱི་བྱང་ཆུབ་ཀྱི་སེམས་བཟུང་བའི་ཐོག་ནས་འགྲོ་རྒྱུ་གཅིག་པ་ཆགས་ཡོད། མི་འདྲ་བ་དེ་དག་རྩ་བ་གཏུག་སྐབས་ཚང་མ་རྒྱལ་བའི་དགོངས་པ་གཅིག་གྱུར་ཆགས་ཡོད་པ་གསལ་པོ་འདུག དེར་བརྟེན་རྩ་བར་དོ་སྣང་དེ་ཙམ་མ་བྱུང་བར་ཡན་ལག་སྟེང་སོང་ན། མི་འདྲ་བ་ལྟ་བུ་མཐོང་བའི་ཐོག་ནས་གཞུང་སྤྱིའི་ཐོག་རྣམ་དཔྱོད་དེ་ཙམ་མེད་པར་ཡན་ལག་གཅིག་རྐྱང་པར་མགོ་འཁོར་ཏེ་ཕྱིན་ན། སྐབས་རེ་རྙིང་མ་རང་ལ་ཆ་བཞག་ནའང་དཀར་མ་དང་གཅིག་གྱུར་ལྟ་བུ་རེད། གཏེར་མའི་ནང་འགྲོ་སྐབས་གཏེར་གསར་གཏེར་རྙིང་སོགས་མང་པོ་འདུག སོ་སོར་ང་ཚོ་འདི་ཡིན་ང་ཚོ་འདི་ཡིན་ཞེས་མི་འདྲ་འགྲོ་རྒྱུ་ཞིག་ཡོང་གི་ཡོད། ས་སྐྱ་ལ་ཆ་བཞག་ན་ས་ངོར་མཚར་གསུམ་ཞེས་དང་དེའི་ནང་གསེས་མི་འདྲ་བ་ཡོད། བཀའ་གདམས་པར་གཞུང་འཆད་སྟངས་རྒྱས་བསྡུས་དབང་གི་བཀའ་གདམས་གཞུང་པ་བ། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་ཞེས་རྒྱུད་པ་མི་འདྲ་བ་གསུམ་ཡོང་བཞིན་ཡོད་པ་འཆད་སྟངས་མི་འདྲ་བ་རེད་མ་གཏོགས་ཁྱད་པར་དེ་ཙམ་མེད། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད་རྒྱུན་གཅིག་པ་རེད། བཀའ་བརྒྱུད་པར་ཆ་བཞག་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མང་ཐག་ཆོད་ཡོད། དེར་བརྟེན་སྐབས་རེ་འཐེན་འཁྱེར་ལྟ་བུ་ཕྲན་བུ་ཡོང་བཞིན་འདུག དགེ་ལུགས་ནང་ལ་ཆ་བཞག་ན་སྤྱིར་གཅིག་པ་རེད་དེ་མི་འདྲ་བ་དེ་ཤེས་རབ་སེང་གེ་ནས་བརྒྱུད་པའི་སྲད་བརྒྱུད་ལུགས་དང་། དྭགས་པོ་ཆོས་ཀྱི་རྒྱལ་མཚན་ནས་བརྒྱུད་པའི་དབེན་ས་སྙན་བརྒྱུད། དབེན་ས་སྙན་བརྒྱུད་འཛིན་མཁན་དེ་གདན་ས་ཡིན་ཞེས་དང་། སྲད་བརྒྱུད་འཛིན་མཁན་དེ་གདན་ས་ཡིན་ཞེས་ཞེ་དྲགས་གང་ཡང་ཡོད་པ་མ་རེད། ཡིག་ཆ་མི་འདྲ་བ་བརྩིས་ན་ཧ་ཅང་མང་པོ་ཡོད། དེ་ལྟར་ནང་གསེས་ཕྲན་བུ་མི་འདྲ་བ་དེ་འདྲ་ཡོད་པ་རེད། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ང་ཚོ་ཚང་མ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དང་མདོ་སྔགས་ཟུང་འབྲེལ་ཉམས་ལེན་གནང་མཁན་གཅིག་གྱུར་ཆགས་ཡོད། ང་ཚོ་རྒྱ་གར་ལ་སླེབས་རྗེས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་དུས་དུས་ལ་མཇལ་འཛོམས་ཡོང་བཞིན་ཡོད། དེ་སྔ་བོད་ལ་ཡིན་ན། མཇལ་འཛོམས་ཡོང་རྒྱུ་ཧ་ཅང་ཉུང་ཉུང་རེད། རྒྱ་གར་དུ་མཇལ་འཛོམས་གནང་རྒྱུའི་གོ་སྐབས་མང་དུ་ཕྱིན་ཡོད། ས་སྐྱ་བདག་ཁྲི་རིིན་པོ་ཆེས་གཙོས་ཁྱེད་རང་ཚོ་འབྲུག་པ་བཀའ་བརྒྱུད་ཀྱི་འབྲུག་པ་ཐུགས་སྲས་རིན་པོ་ཆེ་ཡོད་པའི་སྐབས་སུ་བོད་བསྟན་སྲིད་སྤྱིའི་དོན་དུ་ཧ་ཅང་ཐུགས་འཁུར་གནང་མཁན་ཡག་པོ་ཞིག་ཡོད། ཐུགས་སྲས་རིན་པོ་ཆེ་ཞིང་གཤེགས་དེ་སྐུ་གཟུགས་དང་གསུང་རྫིག་པོ་ཡོད་པ་མ་ཟད། རྣམ་དཔྱོད་ཀྱང་གཞན་དང་མི་འདྲ་བ་རེད། འབྲུག་པ་པདྨ་དཀར་པོའི་གསུང་འབུམ་པར་རྒྱག་རྒྱུ་དེ་དག་གནང་སྐབས་རིན་པོ་ཆེ་ཁོང་རང་འཚོ་བ་ངན་ངོན་ཙམ་གནང་སྟེ་བཞུགས་ཀྱི་ཡོད། སྤྱི་ཐབ་ནས་ཅི་འདྲ་ཅི་མཚུངས་ཀྱི་ཞལ་ལག་མཆོད་པ་མ་གཏོགས་དམིགས་བསལ་ཟུར་དུ་ཞལ་ལག་བཟོ་གི་མེད་པའི་སྐད་ཆ་ཞིག་གོ་ཐོས་བྱུང་། སྐུ་ངལ་ཆེན་པོ་བསྐྱོན་མྱོང་བ་རེད། དེ་དུས་འབྲུག་ཆེན་རིན་པོ་ཆེ་ཆུང་ཆུང་རེད། ད་ལ་ལོ་ན་སོན་ཏེ་ཡག་ཐག་ཆོད་ཡོད། ས་སྐྱ་བདག་ཁྲི་རིན་པོ་ཆེ་དེ་སྔ་བོད་དུ་ཡོད་སྐབས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ཀམ་ཚང་ལ་ཆ་བཞག་ན། ཀརྨ་པ་སྐུ་གོང་མ་དེ་ཧ་ཅང་ཡག་པོ་ཡོད། ད་ལྟ་ཡང་སྲིད་རིན་པོ་ཆེ་ཧ་ཅང་ཡག་པོ་འདུག དགུང་ལོ་གཞོན་གཞོན་ཡིན་པ་ཙམ་མ་ཟད། རིས་མེད་བསྟན་པའི་གཞུང་གཟིགས་རྒྱུར་ཐུགས་སྣང་ཡོད་པ་ཧ་ཅང་ཡག་པོ་འདུག དེ་རིང་ཁ་སང་བཤད་གྲྭ་གལ་ཆེ་བ་དེ་གཙོ་བོ་དགེ་ལུགས་རེད། དགེ་ལུགས་ཀྱི་བཤད་གྲྭ་གལ་ཆེའི་ནང་ལ་ཚན་རིག་སློབ་སྦྱོང་བྱ་རྒྱུ་ཞིག་འགོ་འཛུགས་བྱས་ཡོད། གང་ལྟར་ཤེས་བྱའི་རྣམ་གྲངས་གཙོ་བོ་དེ་དག་ཡོངས་སུ་རྫོགས་པ་བཟོ་ཐུབ་རྒྱུ་ཞིག་དང་། སྔ་མོ་དཔལ་ནཱ་ལེནྡྲའི་གཙུག་ལག་ཆེན་པོར་ཆ་བཞག་ན། གཞི་གསུམ་གྱི་ཆོ་ག་དང་ཞལ་འདོན་གནང་བ་ལྟ་བུ་རེད་མི་འདུག རྒྱ་གར་གྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བརྗོད་ཀྱི་ཡོད་པ་དེ་དག་ཕལ་ཆེར་རིག་གནས་ཆེ་ཆུང་ཚང་མར་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་ཡིན་འདུག གང་ལྟར་ཤེས་ཡོན་བསྟི་གནས་དེང་སང་ཡིན་ན། སློབ་གྲྭ་ཆེན་མོ་ཆགས་ཡོད་པ་ཧ་ཅང་གསལ་པོ་རེད། ང་ཚོ་བོད་གངས་ཅན་ལྗོངས་ལ་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་སློབ་དཔོན་ཐུགས་རྗེ་ཅན་གྱིས་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་དབུ་མཛད་པའི་ལས་ཅན་གྱི་གདུལ་བྱ་ཉུང་ཤས་ཤིག་ལ་སྔགས་བླ་མེད་ཀྱི་ཆོ་གའི་གྲས་དེ་གཙོ་འདོན་གནང་སྟེ་གསུངས་འདུག སྤྱི་ཡོངས་འདུལ་བའི་སྲད་མི་མི་བདུན་རབ་ཏུ་བྱུང་རྒྱུ་དང་དེ་ནས་བསྟན་བཅོས་བསྒྱུར་རྒྱུ། བསམ་ཡས་ཀྱི་སྒྲ་བསྒྱུར་ལོ་པཎ་གླིང་། དགེ་ཚུལ་སློང་བསྒྲུབ་རྒྱུའི་སྡེ་ཚན་གཅིག དེ་ནས་བདུད་འདུལ་སྔགས་པ་གླིང་། མེའོ་བསམ་གཏན་གླིང་ཞེས་རྩེ་གཅིག་ཏུ་སྒོམ་རྒྱག་རྒྱུ་ཡོད་པ་དེ་བཞིན་རྒྱ་ནག་ལ་ཡང་ཡོད་པ་འདྲ། གང་ལྟར་འདུལ་བའི་བསླབ་ཁྲིད་དང་སྡོམ་པ་འབོགས་ཆོག་གནང་རྒྱུ། དེ་བཞིན་དཔེ་ཆ་བསྒྱུར་རྒྱུར་མཁས་པ་ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་མཁན་ཆེན་ཞི་བ་འཚོས་བོད་སྐད་ལ་ཐུགས་སྣང་གནང་ཡོད། ཅེས་བརྗོད་ཀྱི་འདུག ནཱ་ལེནྡྲའི་མཁས་པ་དགུང་གྲངས་བརྒྱད་བཅུ་དགུ་བཅུར་ཕེེབས་ཡོད་པ་ཞིག་གིས་བོད་དུ་ཕེབས་ཏེ་བོད་སྐད་ལ་ཐུགས་སྣང་གནང་འདུག གང་ལྟར་མཁན་ཆེན་ཞི་བ་འཚོས་བོད་ལ་ལེགས་སྦྱར་གྱི་སྐད་བསླབ་སྟེ་ནང་ཆོས་བསླབ་མི་དགོས་པར་ལེགས་སྦྱར་དང་པཱ་ལིའི་གཞུང་ནང་ཡོད་པ་དེ་དག་བོད་སྐད་ནང་བསྒྱུར་ཏེ་ཁྱེད་རང་ཚོས་སློབ་སྦྱོང་དང་སློབ་ཁྲིད་བྱ་རྒྱུ་དེ་དག་བོད་སྐད་ནང་འགྲོ་དགོས་པ་རེད་ཅེས་བཀའ་སློབ་གནང་བའི་སྐད་ཆ་ཞིག་འདུག དེ་ལྟ་བུའི་བཀའ་སློབ་གནང་བའི་རྒྱུ་མཚན་ལ་བརྟེན་དེ་རིང་ཁ་སང་མདོ་སྔགས་གང་ཡིན་ཡང་བོད་སྐད་ཐོག་ཆ་ཚང་བ་ཡོད་པ་ཆགས་ཡོད། དེ་དུས་མཁན་ཆེན་ཞི་བ་འཚོས་ལེགས་སྦྱར་གྱི་སྐད་ཐོག་སློབ་ཁྲིད་གནང་ན་ཁོང་ཐུགས་བདེ་ཡོང་གི་རེད། མ་འོངས་པར་ལོ་སྟོང་ཕྲག་རིང་འབྱུང་འགྱུར་གྱི་བོད་པ་རང་གི་སྐད་ཡིག་ཐོག་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཆ་ཚང་བ་ཞིག་འཛིན་ཐུབ་མཁན་ཞིག་བོད་པས་འཇོན་གྱི་ཡོད་པ་ཞིག་གཟིགས་པའི་ཐོག་ནས་བོད་སྐད་ནང་བསྒྱུར་དགོས་པ་རེད་ཅེས་གསུངས་པ་དེ་ཧ་ལས་པའི་དགོངས་པ་རྒྱ་ཆེན་པོ་རེད། མཁན་ཆེན་ཞི་བ་འཚོ་རང་ཉིད་དབུ་མའི་ལྟ་གྲུབ་སྨྲ་མཁན་དང་། དབུ་མ་པའི་ནང་ལ་དཔལ་ས་སྐྱ་པས་རང་རྒྱུད་གོང་དང་རང་རྒྱུད་འོག་ཅེས་གསུང་གི་འདུག སློབ་དཔོན་ལེགས་ལྡན་བྱིན་རང་རྒྱུད་འོག་མ་དང་མཁན་ཆེན་ཞི་བ་འཚོ་རང་རྒྱུད་གོང་མ་རེད་ཅེས་བརྗོད་ཀྱི་འདུག གང་ལྟར་དཔལ་ནཱ་ལེནྡྲའི་མཁས་པའི་ནང་ནས་རང་ལུགས་རང་གི་དབུ་མ་པའི་ལྟ་གྲུབ་རྣམ་རིག་པའི་ལྟ་བ་དེ་ཐུན་མོང་གི་ཉམས་ལེན་བྱ་རྒྱུ་ཡོད་པའི་ཐོག་དབུ་མ་པའི་ལྟ་བ་སྣོན་ཏེ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་ཡོངས་སུ་གྲགས་ཡོད་པ་དེ་རེད། རང་རྒྱུད་གོང་མ་ཞེས་པ་དེ་སེམས་ཙམ་པའི་ལྟ་གྲུབ་དེ་མདོ་སྡེ་པའི་གྲུབ་མཐའ་ལས་གོང་མར་འགྱུར་བ་ཡིན་སྟབས། དེ་དང་མཐུན་པའི་ལྟ་གྲུབ་ཡིན་པར་བརྟེན་རང་རྒྱུད་གོང་མ་དང་། སློབ་དཔོན་ལེགས་ལྡན་བྱིན་མདོ་སྡེ་པ་དང་མཐུན་པ་ཡིན་པར་བརྟེན་རང་རྒྱུད་འོག་མ་ཞེས་གསུངས་ཡོད། གང་ལྟར་དཔལ་ནཱ་ལེནྡྲའི་མཁས་པའི་ནང་ནས་གཙུག་རྒྱན་གྱི་ལྟ་གྲུབ་དམིགས་བསལ་རང་དགར་ཚུགས་པ་འཛིན་མཁན་ཞིག་ཆགས་ཡོད་པས་སླ་ལས་པོ་རྩ་བ་ཉིད་ནས་མིན། ནཱ་ལེནྡྲའི་མཁས་པ་བརྒྱ་ཕྲག་སྟོང་ཕྲག་ཡོད་སའི་ནང་ནས་སོ་སོའི་རང་ལུགས་དམིགས་བསལ་ཟུར་བཀོལ་ཞིག་གི་གྲུབ་མཐའ་འཛུགས་སྐབས་མཁས་པ་ཆེན་པོ་མ་གཏོགས་ཡོང་ཐབས་མེད། དེ་ལྟ་བུའི་མཁས་པ་ཞིག་བོད་གངས་ཅན་ལྗོངས་ལ་ཆོས་རྒྱལ་བཀའ་དྲིན་ཅན་གྱིས་གདན་ཞུ་གནང་བ་ལྟར་ཕེབས་ཡོད། དེའི་ཐོག་ཁ་སང་ངོས་ཀྱིས་ཞུས་པ་ལྟར། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཚད་ཆེན་ཞེས་པ་དེ་ཧ་ཅང་མཁྲེགས་པོ་འདུག ཁོང་རང་ཉིད་ལྟ་གྲུབ་སྨྲ་བ་དང་། གཏན་ཚིགས་རིག་པ་བ། དེ་བཞིན་ཚད་མར་ཧ་ཅང་མཁས་པ་ཡིན་སྟབས། བོད་ལ་ཐོག་མའི་ནང་ཆོས་ཀྱི་སྲོལ་གཏོད་གནང་བའི་སྐབས་ལ་ཕལ་ཆེར་དབུ་ཚད་ཟུང་འབྲེལ་ཐོག་ནས་འཁྲིད་གནང་འདུག དེར་བརྟེན་ང་ཚོ་བོད་ལ་སྔོན་གྱི་མཁས་པ་ཚོས་དབུ་ཚད་སེང་གེ་མཇིང་མནོན་ཞེས་པ་དེ་ཧ་ཅང་ཡག་པོ་འདུག སེང་གེ་གང་ལ་ཡང་འཇིགས་པ་མེད་པ་ཞིག་རེད། ཁོང་གཉིས་མཇིང་པ་མནོན་ནས་བསྡད་ན། ཕར་ཕྱོགས་ནས་ཉེན་ཁ་བྱུང་ན་ཁ་གཅིག་ཕར་སློག་ཡོད་པ་དང་ཚུང་ཕྱོགས་ནས་ཉེན་ཁ་བྱུང་ན་ཁ་གཅིག་ཚུར་སློག་ཡོད། སེང་གེ་ཁ་གཅིག་རྐྱང་པ་ཡིན་ན། ལྷོ་ཨ་ཕི་རི་ཀའི་ནང་དུ་ཡོད་པའི་སེམས་ཅན་ཧ་ཡ་ནཱ་ཞེས་པ་དེས་འདམ་སེང་ཧ་ཅང་རྫིག་པོ་ཡོད་ཀྱང་། མཚམས་རེ་རྒྱབ་ཕྱོགས་ནས་འདམ་སེང་གི་རྐུབ་ལ་སོ་ཚ་པོ་རྒྱག་གི་འདུག དེར་བརྟེན་སེང་གེ་མཇིང་མནོན་བྱས་ཏེ་བསྡད་ན་ཕྱོགས་གཉིས་ཀ་ནས་ཉེན་ཁ་ཡོང་ཐབས་མེད། དེར་བརྟེན་དབུ་མའི་ལྟ་བ་གཏན་ལ་འབེབ་སྐབས་ཚད་མའི་གཞུང་དང་མཐུན་པའི་ཐོག་ནས་ཁྲིད་སྐབས་དབུ་ཚད་སེང་གེ་མཇིང་མནོན་ཞེས་བརྗོད་པ་རེད། དེ་གཙོ་བོ་མཁན་ཆེན་ཞི་བ་འཚོས་སྲོལ་གཏོད་པ་ཞིག་རེད་འདུག ང་ཚོ་བོད་གངས་ཅན་ལྗོངས་ལ་དེ་རིང་ཁ་སང་ཐེག་ཆེན་གྱི་ཆོས་ངོས་ཀྱིས་ཁ་སང་ཞུས་པ་ལྟར། བོད་ལ་མ་དར་གོང་ནས་རྒྱ་ནག་ལ་དར་བ་རེད། དེ་མིན་ཉི་ཧོང་དང་ཝི་ཏི་ནམ་ལ་ཐད་ཀར་རྒྱ་གར་ནས་དར་བ་ཞིག་ཡོད་ས་རེད། ཤུགས་ཆེ་བ་དེ་རྒྱ་ནག་བརྒྱུད་ནས་དར་བ་རེད། རྒྱ་ནག་ནས་དར་བའི་ལུང་པ་དེ་དག་དང་རྒྱ་ནག་རང་ཉིད་ཐེ་བའི་ཡུལ་གྲུའི་ནང་ཚད་མའི་གཞུང་བསྒྱུར་ཡོད་པ་མི་འདུག སློབ་དཔོན་ཕྱོགས་གླང་གི་རིགས་དགུ་རྒྱ་ཡིག་ནང་སྔ་མོ་ནས་བསྒྱུར་ཡོད་པ་བརྗོད་ཀྱི་འདུག རིགས་དགུ་ཙམ་མ་གཏོགས་ཚད་མ་ཀུན་བཏུས་དང་ཚད་མ་རྣམ་འགྲེལ་གྱི་གྲས་བསྒྱུར་མི་འདུག དེ་བཞིན་ཚད་མ་སྡེ་བདུན་ཡང་ཕལ་ཆེར་རྒྱ་ཡིག་ཏུ་བསྒྱུར་མེད་པ་ལྟ་བུ་འདུག བོད་སྐད་ནང་ཚད་མའི་སྐོར་ལ་དར་སོ་ཆེན་པོ་བྱུང་སྟབས། རིམ་བཞིན་ས་སྐྱ་པཎྜི་ཏས་རིགས་གཏེར་མཛད་པ་དང་ཆ་པ་ཆོས་སེང་གྲས་ཀྱིས་ཚད་མའི་འགྲོ་སྟངས་ཞིབ་ཚགས་དང་ཡར་རྒྱས་བཏང་བའི་རྐྱེན་གྱིས་ང་ཚོའི་བོད་སྐད་ནང་ཚིག་གསུམ་གྱི་རྣམ་གཞག་ཤོད་སྐབས། ཐལ། ཕྱིར། ཞེས་གསལ་བ་དང་རྟགས་འགོད་རྒྱུའི་ཐོག་བོད་སྐད་ནང་ཁ་བྱང་བསྡད་ཡོད། རྒྱ་སྐད་དང་དབྱིན་སྐད་ནང་ཡོང་གི་མི་འདུག་ལ་ཧིན་སྐད་ནའང་ཕལ་ཆེར་ཁག་པོ་རེད། གང་ལྟར་གཏན་ཚིགས་དང་ཐལ་འགྱུར་འགོད་རྒྱུ་དེ་དག་བོད་སྐད་ནང་གོམས་ཡོད། ཐོག་མར་ཤུགས་ཆེ་བ་དེ་ས་སྐྱ་པ་དང་དེ་ནས་དགེ་ལུགས་རེད། དེ་རིང་ཁ་སང་གི་དུས་ལ་ཕལ་ཆེར་ཚད་མའི་གཞུང་གི་སློབ་སྦྱོང་ཡག་ཤོས་དེ་དགེ་ལུགས་རེད་འདུག ས་སྐྱའི་མཁན་པོ་རིན་ཆེན་རྟགས་གསལ་ལ་ཧ་ཅང་མཉེས་པོ་རེད། དེ་བཞིན་མཁན་པོ་བརྩོན་འགྲུས་སོགས་མཁན་པོ་ཁ་ཤས་ཡོད། མཁན་པོ་རིན་གྱི་རྣམ་ཐར་ནང་ཚད་མའི་སྐོར་དེ་དགེ་ལུགས་པ་ཧ་ཅང་ཡག་པོ་འདུག་ཅེས་གསུངས་འདུག དེ་བློ་གཟུ་བོར་གནས་པའི་ཐོག་ནས་གཟིགས་ཀྱི་ཡོད། གང་ལྟར་ང་ཚོ་བོད་ལ་ཚད་མའི་གཞུང་ཡོད་པ་དེ། དེ་སྔོན་པད༌ནོར་ཆེན་པོ་ཆེས། རྣམ་གྲོལ་གླིང་དུ་ཚད་མའི་སློབ་སྦྱོང་འགོ་འཛུགས་གནང་བར་སྔ་འགྱུར་གྱི་བླ་མ་ཁ་ཤས་ཀྱི་དགོངས་པར་ཕྲན་བུ་མི་བབས་པ་དེ་འདྲ་ཞིག་འདུག གསལ་པོ་ཞུས་ན། བྱ་བྲལ་རིན་པོ་ཆེས་མཉེས་པོ་གནང་གི་མི་འདུག དགོངས་པར་མི་བབས་པ་ཞིག་གནང་གི་འདུག་ཀྱང་དེ་བཙུགས་པ་ཡིན་ཞེས་ངོས་ལ་གསུངས་བྱུང་། སྔོན་མ་ཀརྨ་པ་རིན་པོ་ཆེ་ཞིང་གཤེགས་ཀྱིས་ཀྱང་གསུང་གི་ཡོད། རིན་པོ་ཆེས་ཐུགས་སྣང་ཆེན་པོ་གནང་གི་ཡོད། རིན་པོ་ཆེས་བཀའ་བརྒྱུད་དང་རྙིང་མའི་བླ་མ་འགའ་ཞིག་གིས་མཚན་ཉིད་ལྟ་རྒྱུར་ཞེ་དྲག་ཐུགས་སྣང་གནང་གི་མི་འདུག རིན་པོ་ཆེས་ཚད་མ་ལྟ་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག་ཅེས་ངོས་ལ་གསུང་མྱོང་ཡོད། གང་ལྟར་དགེ་ལུགས་པའི་བླ་མའི་ནང་ལ་དེ་འདྲ་གསུང་མཁན་ཡོད། རྟོག་གེ་མགོ་མཁྲེགས་ལ་སྐྱེས་ན། །སངས་རྒྱས་དངོས་ཀྱིས་ཀྱང་འདུལ་དཀའ། །རིག་པ་ཧ་ཅང་རྩོད་ནས་ཡོང་མཁན་ཞིག རྟོག་གེ་མགོ་མཁྲེགས་ཆགས་ན། སངས་རྒྱས་དངོས་སུ་བྱོན་ཡང་འདུལ་དཀའ་ཞེས་ཁ་ཤས་ཀྱིས་དེ་འདྲ་གསུང་གི་འདུག ཚད་མ་སྦྱང་སྟེ་རྩོད་པ་རྩོད། སེམས་རྩེ་གཅིག་ཏུ་མི་གནས་པ་དེ་འདྲ་ལ་གནོད་ཀྱི་རེད་ཅེས་གསུང་མཁན་ཡོང་གི་འདུག ཐོས་བསམ་གྱིས་གཏན་པ་ཕབ་པའི་གནས་སྐབས་གཅིག་དང་། སྒོམ་པ་རྩེ་གཅིག་པའི་སྒྲུབ་པ་ཉམས་ལེན་བྱས་པའི་གནས་སྐབས་གཅིག་བཅས་སྐབས་སོ་སོ་དང་ལྷག་པར་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་དཔྱད་སྒོམ་བྱས་ནས་ཁ་སང་ཞུས་པ་ལྟར་རེད། ནང་པའི་གཞུང་ཙམ་དུ་མ་ཟད་པའི་མུ་སྟེགས་པའི་གཞུང་དེ་དག་སྦྱང་དགོས། སློབ་དཔོན་ལེགས་ལྡན་གྱིས་དབུ་མ་སྙིང་པའི་རྩ་འགྲེལ་ནང་མུ་སྟེགས་པའི་འདོད་པ་མང་པོ་བཀོད་འདུག་ལ་དབུ་མ་འཇུག་པའི་ནང་དུའང་ཡོད། དེ་བཞིན་ཨརྱ་དེ་ཝའི་བཞི་བརྒྱ་པའི་ནང་ལ་མུ་སྟེགས་པའི་གྲུབ་མཐའ་མང་པོ་བཀོད་འདུག མཁན་ཆེན་ཞི་བ་འཚོའི་ཚད་ཆེན་ནང་ལ་ཡང་མུ་སྟེགས་པའི་གྲུབ་མཐའ་མང་པོ་བཀོད་འདུག ལྷག་པར་མཁན་ཆེན་ཞི་བ་འཚོ་ཕེབས་སྐབས་ཕྱོགས་གླང་ཆོས་གྲགས་དེ་དག་དགོངས་པ་རྫོགས་ཟིན་པ་རེད། ཕྱོགས་གླང་གིས་ཚད་མའི་གཞུང་བརྩམས་པའི་ནང་ལ་མུ་སྟེགས་པའི་འདོད་པ་བཀག་ཡོད་པ་དེ་དག་ཕྱོགས་གླང་མྱ་ངན་ལས་འདས་ཟིན་རྗེས་མུ་སྟེགས་པའི་མཁས་པ་དེ་འདྲས་དེར་དགག་པ་བརྒྱབ་པར་དཔལ་ལྡན་ཆོས་གྲགས་ཀྱིས་དགག་ལན་བསྐྱོན་འདུག དཔལ་ལྡན་ཆོས་གྲགས་མྱ་ངན་ལས་འདས་ཟིན་རྗེས་མུ་སྟེགས་པའི་ཚད་མ་སྨྲ་བ་དེ་འདྲས་རྩོད་པ་ཡོང་གི་ཡོད་པའི་གྲས་ལ་མཁན་ཆེན་ཞི་བ་འཚོས་ཚད་ཆེན་ནང་དགག་པ་བསྐྱོན་ཡོད་པའི་ཚིག་ཧ་ཅང་གསལ་པོ་འདུག དེར་བརྟེན་དེ་ཚོའི་གྲས་དེ་ཐོས་བསམ་གྱིས་གཏན་པ་ཕབ་སྐབས་དེ་དག་ཆ་ཚང་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཐོས་བརྩོན་སྒྲུབ་ལ་གཞོལ་ནས་ཉམས་ལེན་བྱེད་སྐབས་སོ་སོའི་རང་ལུགས་གང་ཡོད་པ་དེ་ཐོས་བསམ་མཐར་ཕྱིན་པ་ཞིག་གཏན་ལ་ཕབ་ཡོད་པ་དེ་རྩེ་གཅིག་ཏུ་ཉམས་ལེན་བྱ་རྒྱུ་དེ་འགྲིག་གི་འདུག གང་ལྟར་ང་ཚོ་སློབ་དཔོན་ཐུགས་རྗེ་ཅན་དང་མཁན་ཆེན་ཞི་བ་འཚོ་རྣམ་པ་གཉིས་ཀྱི་རྗེས་འབྲང་ཞིག་ཆགས་ཡོད་པར་བརྟེན། གཞུང་སྦྱང་རྒྱུ་དེ་མཁན་ཆེན་ཞི་བ་འཚོའི་གཞུང་གཙོ་བོ་བྱ་རྒྱུ་དང་དེ་དག་བསྟན་ཐོག་གཅིག་ལ་སྒྲུབ་པ་ཉམས་ལེན་རྩེ་གཅིག་ཏུ་བསྒྲིལ་ཡོང་སྐབས། སློབ་དཔོན་ཐུགས་རྗེ་ཅན་གྱི་སྔ་འགྱུར་གྱི་གཙོ་བོ་གཏེར་མཛོད་ཁང་དེ་དག་རེད། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་བཀའ་མས་གཞི་བཟུང་གཏེར་མས་རྣོ་ཟུར་འདོན་ཐུབ་པ་དགོས་ཞེས་གསུངས་ཡོད། དཔེར་ན། ཀློང་ཆེན་རབ་འབྱམས་པར་ཆ་བཞག་ན། གྲུབ་མཐའ་མཛོད་དང་ཡེ་ཤེས་མཛོད་སོགས་གྲུབ་མཐའ་འདྲ་མིན་ཆ་ཚང་ཤེས་པའི་ཐོག་ལག་ལེན་བསྐྱལ་ཡོང་སྐབས། ཐེག་མཆོག་མཛོད་དང་ཆོས་དབྱིངས་མཛོད་སྒྲོ་འདོགས་ཆོད་ཟིན་པ་ཞིག་ཉམས་ལེན་བྱེད་དགོས། ངོས་ཀྱིས་འཁྲུལ་ཞིག་རིན་པོ་ཆེའི་སྐུ་མདུན་ནས་སྙིང་ཐིག་ཡང་བཞི་ཞུས་ནས་ཆོས་དབྱིངས་མཛོད་རྟག་པར་འདོན་དགོས་ཀྱི་ཡོད། ཆ་ཚང་འདོན་ཐུབ་ཀྱི་མི་འདུག་ཀྱང་ཉུང་མཐར་ཉིན་རྟག་པར་ཤོག་ལྷེ་རེ་འདོན་བཞིན་ཡོད། ཐད་ཀར་བལྟས་ན། ལྟ་བ་ལྟ་རུ་མེད། སྒོམ་པ་སྒོམ་དུ་མེད། སྤྱོད་པ་དཔྱད་དུ་མེད། འབྲས་བུ་ཐོབ་ཏུ་མེད། རྒྱུད་ལ་སངས་རྒྱས་ཀྱི་རྒྱུ་ཡོད་ཅེས་པས་ཕན་གྱི་མེད། ཁྱེད་རང་ཚང་མས་གཟབ་གཟབ་གནང་ཤོག བསྟན་པ་ཡོངས་རྫོགས་ལ་གོ་ཆགས་པ་བྱེད་དགོས་པ་མ་ཟད། སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་ས་སྐྱ་དང་ང་ཚོ་བཀའ་བརྒྱུད་སོགས་ཡིན་ཞེས་པ་དེ་འདྲ་མེད་པར་ཚང་མའི་གཞུང་ལྟ་ཐུབ་པ་ཞིག་བྱུང་ན། དག་སྣང་དང་དད་པ་དེས་སླེབས་ཀྱི་རེད། གཞུང་ཕྲན་བུ་མཁྱེན་ན་མོས་གུས་བསྐྱེད་རྒྱུར་ཕན་གྱི་འདུག ཁ་སྔོན་ངོས་རང་ཧིན་ཌུའི་ལྷ་ཁང་དེར་ཕྱིན་པ་ཡིན། ད་རང་བཀའ་ཆོས་སླེབས་ཡོད་པ་དེ་རེད། ངོས་ཀྱིས་ཁོང་ལ་རྩེད་མོ་རྩེས་ཏེ་ངོས་རང་ཧིན་ཌུར་འགྱུར་སོང་ཞེས་བརྗོད་པ་ཡིན། ཆོ་གའི་ནང་ཡོད་པ་བཞིན་མཆོད་ཡོན་ཞབས་བསིལ་ཞེས་ཞིབ་ཚགས་བྱས་སོང། ལོ་གཅིག་ངོས་རང་ཇེན་གྱི་ལྷ་ཁང་དུ་མགྲོན་འབོད་བྱས་པ་ལྟར་ཕྱིན་པ་ཡིན། ཇེན་གྱི་བསྟན་པ་རྒྱལ་བར་ཁྲུས་གསོལ་བྱེད་དགོས་ཀྱི་འདུག ང་ཚོས་རབ་གནས་མདོར་བསྡུར་བྱས་པ་ལྟར་རེད། ཁྱད་པར་ག་རེ་འདུག་ཅེས་ན་ལྷ་སའི་ཇོ་བོར་གསེར་གྱི་དབུ་རྒྱན་ཡོད་པ་རེད། མཧཱ་བི་ངྷར་དངུལ་གྱི་རྒྱན་མ་གཏོགས་གསེར་གྱི་རྒྱན་མི་འདུག དེ་མིན་འགྲོ་སྟངས་དེ་དག་ཕལ་ཆེ་བ་འདྲ་པོ་འདུག དེར་བརྟེན་ཧིན་ཌུའི་ཆོས་ལུགས་དང་ནང་ཆོས་གཉིས་མཚེ་མ་ལྟར་རེད་ཅེས་ངོས་ཀྱིས་བརྗོད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་སྟེགས་པའི་ཆོས་ལུགས་དར་ཡོད་པའི་ནང་ནས་ཐུན་མོང་ཡིན་པ་དང་ཕན་ཐོགས་ཡོད་པ་ཞི་གནས་དང་གཅིག་འཇིག་རྟེན་པའི་ལྷག་མཐོང་དང་གཉིས། དེ་བཞིན་སྤྱི་བཏང་ཚངས་སྤྱོད་ཀྱི་ཚུལ་ཁྲིམས་ལ་སོགས་པ་དེ་ཚོའི་གྲས་དེ་མུ་སྟེགས་པ་དང་ཐུན་མོང་བ་ཡིན་པ་དེ་དག་བཞེས་ཡོད། འོན་ཀྱང་ཁྱད་ཆོས་དེ་མུ་སྟེགས་པས་བདག་ཏུ་ལྟ་གི་ཡོད་པ་དེས་བདེན་འཛིན་གྱི་རྩ་བ་བྱེད་ཀྱི་ཡོད། དེར་བརྟེན་བདག་མེད། ཆོས་ཀྱི་ཟབ་རྒྱས་དེ་མེད། ཐུན་མོང་བ་དེ་དག་ཆ་ཚང་ཡོད་པ་ཞིག་རེད། ལྷག་པར་སྔགས་ཀྱི་རྩ་རླུང་ཐིག་ལེ་སྒོམ་རྒྱུའི་གཞུང་དེ་མུ་སྟེགས་པའི་གཞུང་ནང་མང་པོ་འདུག བཀྲིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཏེ་དགོན་པ་དེའི་བླ་མ་དབང་རྡོར་རིན་པོ་ཆེ་མཆོག་དང་མཁན་པོ་འཕྲིན་ལས་རྡོ་རྗེ་ལགས། མཁན་པོ་བསོད་ནམས་བཀྲིས་ལགས། དེ་བཞིན་སྦྱིན་བདག་ཁག་ལ་མཇལ་ཁ་སྩལ་ཏེ་མཚོ་པདྨའི་རི་ཁྲོད་ལ་གནས་གཟིགས་སུ་ཆིབས་སྒྱུར་བསྐྱངས་རྗེས་མཚོ་པདྨའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་བཞུགས་སྒར་རྡ་སར་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གུ་རུའི་གནས་མཆོག་མཚོ་པདྨར་རྟེན་གཞི་བྱས་པའི་འཛི་སྒར་ཨོ་རྒྱན་ཆོས་འཁོར་གླིང་ལ་རབ་གནས་དང་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།