༢༠༡༢ ཟླ་ ༤ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་གར་ལོ་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ ཉིན་ཁམས་བྲག་མགོའི་དགེ་འདུན་པ་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བྲག་མགོ་མི་མང་གིས་ཞི་བའི་ཡར་ལངས་བྱས་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བྲག་མགོའི་བོད་མི་ཁག་གཅིག་གི་ལོ་རྒྱུས་སྙིང་བསྡུས་གཤམ་གསལ།
སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།
༄༅། །དགུང་ལོ་ ༤༠ ལྷག་ལ་སོན་པའི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་ནི་ཡབ་པད་མཁྱེན་དང་ཡུམ་མགོན་པོ་ལྷ་མོ་གཉིས་ཀྱི་སྲས་སུ་བྲག་མགོ་དཔེ་མེད་སྒང་གྲོང་ཚོ་རུ་འཁྲུངས་ཤིང་ནར་སོན་པ་དང་གསེར་རྟ་བླ་རུང་ཆོས་སྒར་དུ་ཞུགས། དེ་རྗེས་སྒོ་ཆེན་དགོན་པའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་དགོན་དེར་བཤད་གྲྭ་དང་སྒྲུབ་གྲྭ་གསར་འཛུགས་དང་དགོན་པའི་འདུ་ཁང་གསར་རྒྱག་གནང་བ་སོགས་བསྟན་པའི་བྱ་བར་ཕྱག་ལས་གནང་མུས་སུ་ཡིན་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོ་མི་མང་གིས་ཞི་བའི་ཡར་ལངས་བྱས་པའི་ཉིན་ཤས་རྗེས་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་ད་ལྟའི་ཆར་ས་གནས་གང་དུ་ཡོད་མེད་སོགས་གནས་ཚུལ་གསལ་རྟོགས་ཐུབ་མེད།
དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།
༄༅། །དགེ་བཤེས་ཚེ་དབང་རྣམ་རྒྱལ་ལགས་ནི་ཕྱི་ལོ ༡༩༧༠ ལོར་བྲག་མགོའི་ཆུ་དབར་གྲོང་དུ་ཕ་རྡོ་དགའ་དང་མ་ཚེ་འཛིན་ལྷ་མོ་གཉིས་སུ་འཁྲུངས་ཤིང་། ཆུང་དུས་སློབ་གྲྭར་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་བརྩོན་བྱས། ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་ལ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགོན་དེའི་སློབ་གྲྭ་སོགས་ནས་ནང་དོན་རིག་པ་དང་དབྱིན་བོད་ཧིན་གསུམ་ལ་སྦྱང་པ་གནང་། ཕྱི་ལོ་ ༡༩༩༤ ལོར་རྡ་སའི་རིགས་སློབ་ཏུ་ཕེབས་ཏེ་རིས་མེད་ཆོས་བརྒྱུད་ཆེན་པོའི་ལྟ་གྲུབ་ལ་སྦྱང་པ་མཐར་སོན་གནང་ཐོག་སློབ་གཉེར་ཁང་དེ་ནས་རིས་མེད་སློབ་དཔོན་ཀྱི་མཚན་རྟགས་བཞེས། འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ཕྱི་ལོ་ ༢༠༡༡ ལོར་ཕྱིར་རང་ཡུལ་ཕེབས་ཏེ་བྲག་མགོ་དགོན་པའི་སློབ་དགེའི་ཐུགས་འགན་བཞེས། བོད་ཀྱི་ཆོས་རིག་ལ་ཕན་པའི་ཕྱག་ལས་རྒྱ་ཆེར་གནང་མུས་ཐོག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོའི་མང་ཚོགས་ཀྱིས་ཞི་རྒོལ་བྱས་ནས་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག
གཞོན་ནུ་ལགས་ཀྱི་ལོ་རྒྱུས།
༄༅། །གཞོན་ནུ་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་བྲག་མགོའི་མགར་བ་གྲོང་དུ་ཕ་དཔལ་རྒྱས་ཉི་མ་དང་མ་དཔལ་སྒྲོན་མཚོ་གཉིས་སུ་འཁྲུངས། ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་ཏུ་འབྱོར་ནས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་སྒོར་ཞུགས་ཐོག་སློབ་གཉེར་གནང་། ཕྱིས་སུ་རང་ཡུལ་དུ་ལོག་ནས་བྲག་མགོ་དགོན་པར་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༢ ཟླ ༡ ཚེས ༢༣ ཉིན་བྲག་མགོའི་མང་ཚོགས་ཀྱིས་ཞི་རྒོལ་བྱས་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག
འཕྲིན་ལས་ལགས་ཀྱི་ལོ་རྒྱུས།
༄༅། །རང་ལོ་ ༤༢ ལ་སོན་པའི་འཕྲིན་ལས་ལགས་ནི་ཕ་ཁམས་ཐར་དང་མ་ལྷ་སྐྱིད་གཉིས་སུ་བྲག་མགོ་རྦ་དག་གྲོང་དུ་འཁྲུངས། ཆུང་དུས་སློབ་ཆུང་འགྲིམས་རྗེས་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས། ལོ་ཤས་སྔོན་དུ་བྲག་མགོ་དགོན་པའི་ཕྱག་མཛོད་གནང་བ་དང་། དེ་རྗེས་དགོན་པའི་ཚོང་ལས་གཉེར་བཞིན་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོ་མི་མང་གིས་ཞི་རྒོལ་བྱས་པའི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་དེང་སྐབས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མེད།
དགྲ་ལྷ་ལགས་ཀྱི་ལོ་རྒྱུས།
༄༅། །རང་ལོ་ ༣༡ ཡིན་པ་དགྲ་ལྷའམ་བཀྲ་ཤིས་སྟོབས་རྒྱལ་ལགས་ནི་ཕ་དཔལ་ལྡན་རྡོ་རྗེ་དང་མ་ཚུལ་ཁྲིམས་སྒྲོལ་མ་གཉིས་སུ་བྲག་མགོ་དགོན་སར་གྲོང་དུ་འཁྲུངས། ཆུང་དུས་སུ་སློབ་ཆུང་དང་སློབ་འབྲིང་འགྲིམས་ཤིང་། ཕྱི་ལོ་ ༢༠༠༠ ལོར་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་པའི་སློབ་གྲྭར་ལོ་ལྔ་ལྷག་སློབ་གཉེར་གནང་། དེང་སྐབས་དགོན་པའི་རྩིས་པའི་ཕྱག་ལས་གནང་མུས་ཡིན་འདུག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོ་མི་མང་གིས་ཞི་བའི་ཡར་ལངས་བྱས་རྗེས་ཀྱི་ཉིན་ཤས་རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་ད་ལྟའི་ཆར་གར་སོང་ཆ་མེད་གྱུར་ཡོད།
ཚེ་རིང་རྒྱལ་མཚན་ལགས་ཀྱི་ལོ་རྒྱུས།
༄༅། །རང་ལོ་ ༤༠ ཡས་མས་ཡིན་པའི་ཚེ་རིང་རྒྱལ་མཚན་ལགས་ནི་ཕ་སངས་རྡོར་དང་མ་ཚེ་མོ་གཉིས་སུ་བྲག་མགོ་ནོར་པ་རུ་སྐྱེས། ནར་སོན་པ་དང་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་དེའི་འདོན་ཆོག་སོགས་ལ་སྦྱང་པ་གནང་། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ཉིན་རྒྱ་དམག་གིས་འཛིན་བཟུང་བྱས་ཤིང་རྡུང་རྡེག་ཚད་མེད་བཏང་སྟེ་མཐར་སྒལ་ཚིགས་ཕུད་ཡོད་པ་དང་། དེང་སྐབས་ཤི་གསོན་ཅི་ཡིན་དང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད།
ཡོན་ཏན་བཟང་པོ་ལགས་ཀྱི་ལོ་རྒྱུས།
༄༅། །རང་ལོ་ ༣༢ ཡིན་པ་ཡོན་ཏན་བཟང་པོ་ལགས་ནི་ཕ་དགའ་རབ་ཉི་མ་དང་མ་སངས་ལྷ་གཉིས་སུ་བྲག་མགོའི་ནོར་པ་འབྲོག་སྡེ་རུ་སྐྱེས། ཆུང་དུས་སློབ་ཆུང་འགྲིམས་རྗེས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད། ཕྱི་ལོ་༢༠༡༢ ཟླ་ ༢ ཚེས་ ༩ ཉིན་ཁོང་གི་སྤུན་མཆེད་ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་འགྲུབ་གཉིས་རྒྱ་དམག་གིས་དམར་གསོད་བཏང་བ་དང་དུས་མཉམ་ཁོང་གི་མཇིང་པར་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། དེ་རྗེས་རྫོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་ཉེས་རྡུང་ཚད་མེད་བཏང་སྟེ་ཁ་ནས་ཁྲག་ལིང་དམར་ལྷོག་ལྷོག་ཐོན་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་ནས་བཙོན་འཇུག་བྱས་ཡོད་པ་དང་། དེང་སྐབས་ཤི་གསོན་གང་ཡིན་དང་བཙོན་ཁང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
རྒྱལ་མཚན་ལགས་ཀྱི་ལོ་རྒྱུས།
༄༅། །རང་ལོ་ ༣༢ ཡས་མས་ཡིན་པ་རྒྱལ་མཚན་ལགས་ནི་ཕ་རྣམ་རྒྱལ་དང་མ་ཆོས་སྒྲོན་གཉིས་སུ་བྲག་མགོ་གཡུ་ཉ་གྲོང་དུ་སྐྱེས། རྒྱུན་དུ་ཞིང་ལས་ཀྱི་འཚོ་བ་གཉེར་བཞིན་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོ་མི་མང་གིས་ཞི་བའི་ངོ་རྒོལ་བྱས་པའི་རྗེས་སུ་རྒྱ་དམག་གིས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད།
མཁྱེན་རྡོར་ལགས་ཀྱི་ལོ་རྒྱུས།
༄༅། །རང་ལོ་ ༢༣ ཡིན་པ་མཁྱེན་རྡོར་ལགས་ནི་ཕ་འོད་གསལ་དང་མ་སྨན་ལྷ་གཉིས་སུ་བྲག་མགོའི་ནོར་པ་འབྲོག་སྡེ་རུ་འཁྲུངས་ཤིང། དུས་རྒྱུན་འབྲོག་པའི་འཚོ་བ་གཉེར་བཞིན་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོ་མི་མང་གིས་ཞི་རྒོལ་བྱས་པའི་རྗེས་སུ་རྒྱ་དམག་གིས་འའཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག
ཤེར་རྒྱམ་ལགས་ཀྱི་ལོ་རྒྱུས།
༄༅། །ཤེར་རྒྱམ་ལགས་ནི་ཕྱི་ལོ་ ༡༩༥༩ ལོར་བྲག་མགོའི་ནོར་པ་འབྲོག་སྡེ་རུ་ཕ་གནམ་རྒྱས་དང་མ་དཔལ་ཆེན་སྒྲོལ་མ་གཉིས་སུ་འཁྲུངས། དུས་རྒྱུན་འབྲོག་པའི་འཚོ་བར་རོལ་བཞིན་ཡོད། ད་ལྟ་བྲག་མགོའི་ནོར་པ་འབྲོག་སྡེའི་འགོ་ཁྲིད་ཀྱི་འགན་ཁུར་གནང་མུས་ཐོག ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོའི་མང་ཚོགས་ཀྱིས་ཞི་རྒོལ་བྱས་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག
རྒྱལ་སྐྱབས་ལགས་ཀྱི་ལོ་རྒྱུས།
༄༅། །རྒྱལ་སྐྱབས་ལགས་ནི་ཕྱི་ལོ་ ༡༩༨༥ ལོར་བྲག་མགོའི་ནོར་པ་རུ་ཕ་རྡོར་པོ་དང་མ་གསལ་པོ་གཉིས་སུ་འཁྲུངས། ཆུང་དུས་སློབ་གྲྭར་འགྲིམས་ནས་སློབ་གཉེར་གནང་། དུས་རྒྱུན་འབྲོག་ལས་ཀྱི་འཚོལ་བར་རོལ་བཞིན་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོའི་མང་ཚོགས་ཀྱིས་ཞི་རྒོལ་བྱས་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག
དཔལ་རྡོར་ལགས་ཀྱི་ལོ་རྒྱུས།
༄༅། །དཔལ་རྡོར་ལགས་ནི་ཕྱི་ལོ་ ༡༩༧༧ ལོར་བྲག་མགོའི་ནོར་པ་འབྲོག་སྡེ་རུ་ཕ་བསོད་སྙན་དང་མ་བསོད་དགའ་གཉིས་སུ་འཁྲུངས། དུས་རྒྱུན་འབྲོག་ལས་ཀྱི་འཚོ་བར་རོལ་བཞིན་ཡོད། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོའི་མང་ཚོགས་ཀྱིས་ཞི་རྒོལ་བྱས་རྗེས་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས། །
རྒྱ་ནག་གཞུང་གིས་བྲག་མགོའི་བོད་མི་ཁག་གཅིག་འཛིན་བཟུང་བྱས་པ།
གསར་གནས།
འབྲེལ་གནས།