༢༠༡༢ ཟླ་ ༤ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་མདོག་དཔལ་རིའི་ལྷ་ཁང་རྟེན་དང་བརྟེན་པ་གསར་བཞེངས་ལེགས་པར་གྲུབ་པ་དབུ་འབྱེད་རབ་གནས་གྲུབ་རྗེས་བཀའ་སློབ་སྩལ་དོན། དེ་རིང་འདི་གར་གནས་དང་དུས་ཚིགས་ཁྱད་པར་ཅན་འདི་འདྲ་ཞིག་ལ་ཆོས་ལྡན་གྱི་བྱ་བ་དོན་དང་ལྡན་པ་ཞིག་གི་ཐོག་སྒོ་འབྱེད་རྟེན་འབྲེལ་གྱི་མཛད་སྒོ་བྱེད་རྒྱུ་བྱུང་བ་རེད། འདིར་ཆེད་མངགས་ཕེབས་མཁན་སྐུ་མགྲོན་རྣམ་པ་ཚོ་དང་། རི་མགོ་རིན་པོ་ཆེས་རྐང་ཐུགས་ཁུར་བསྐྱེད་དེ་འདི་གའི་ཁུངས་གཏོགས་དགེ་འདུན་པ་ཚང་མས་ཧུར་སྐྱེད་གནང་བའི་འབྲས་བུ་ཡོངས་སུ་སྨིན་ནས་གྲུབ་འབྲས་ཡག་ཐག་ཆོད་བྱུང་འདུག་པས། ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། འདི་ལྟར་བཞེངས་རྒྱུའི་དགོས་པ་རྒྱུ་མཚན་རྣམས་རིན་པོ་ཆེས་འགྲེལ་བཤད་གནང་བ་ཧ་ཅང་ཡག་པོ་འདུག དེ་ནས་ཆོས་རིག་བཀའ་བློན་གྱིས་ཀྱང་བོད་པའི་གནས་སྟངས་ཆོས་དང་སྲིད། སྤྱི་ཡོངས་ཀྱི་གནས་ཚུལ་ཞིབ་ཚགས་གསུངས་སོང། ངོས་ཀྱིས་འདིར་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ནམ་རྒྱུན་རྟག་པར་བརྗོད་ཀྱི་ཡོད། མཁས་མཆོག་དབྱིག་གཉེན་གྱིས། །སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་དང་། དེ་བཞིན་སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང། །དབང་འགྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་བ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་སངས་རྒྱས་ཀྱི་བསྟན་པ་འདི་སེམས་ཅན་གྱི་ལྐོག་མར་སྲོག་ཕྱིན་པ་དང་འདྲ་བ་ཉམས་དམའ་བོ་ཆགས་ཀྱི་འདུག དེར་བརྟེན་ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་བགྱིས་གསུངས་པ་འདི་ང་ཚོས་རྟག་ཏུ་སེམས་ལ་དྲན་དགོས། སློབ་དཔོན་དབྱིག་གཉེན་ལོ་སྟོང་ཕྲག་གོང་ནས་བྱུང་བ་རེད། དེ་དུས་ཁོང་གིས་འདི་གསུང་རྒྱུའི་རྒྱུ་མཚན་གཅིག་ཕལ་ཆེར་འདི་མིན་ནམ་བསམ་གྱིས་འདུག བལ་ཡུལ་དུ་ཕེབས་སྐབས་ཤིག་ལ་གྲྭ་པ་ཆང་བུམ་པ་གང་འཁྱེར་ནས་འགྲོ་མཁན་གཅིག་གཟིགས་འདུག དེས་ཁོང་ཧ་ཅང་ཐུགས་སྐྱོ་བའི་སྐད་ཆ་ཞིག་ཤོད་རྒྱུ་ཡོད།
ནམ་རྒྱུན་རྣམ་རྒྱལ་མའི་དམིགས་བསལ་གྱི་ལྷག་པའི་ལྷར་འབྲེལ་བ་ཡོད་པ་འདྲ། རྣམ་རྒྱལ་མའི་གཟུངས་མགོ་རྟིང་ལོག་ནས་གསུངས་པར་བརྟེན་དེར་དགོངས་པ་རྫོགས་པ་ཡིན་ཞེས་གསུང་སྲོལ་ཡོད། དེར་བརྟེན་ངོས་རང་དེར་དོགས་པ་བསྐྱེད་བྱུང། སྤྱིར་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་འདིའི་སྟེང་ཕལ་ཆེར་དེ་རིང་ཁ་སང་ནང་པའི་ཆོས་བྱེད་མཁན་ཧ་ཅང་མང་པོ་ཡོད། ལྷག་དོན་རྒྱ་ནག་ཏུ་ཆ་བཞག་ན། དེ་རིང་ཁ་སང་ནང་པའི་ཆོས་བྱེད་མཁན་ཧ་ལམ་ས་ཡ་སུམ་བརྒྱ་སྐོར་ཡོད་པ་ཤོད་ཀྱི་འདུག རྒྱ་གར་ནང་དུའང་གཞོན་སྐྱེས་མང་པོའི་ནང་དུ་ནང་ཆོས་ལ་དོ་སྣང་གསར་པ་བྱེད་མཁན་མང་པོ་ཆགས་ཡོད། གོང་དུ་ཆོས་རིག་བཀའ་བློན་གྱིས་གསུངས་པ་བཞིན་སྔར་ནང་ཆོས་དང་འབྲེལ་བ་མེད་པའི་ལུང་པའི་ནང་དུའང་ནང་ཆོས་ལ་དོ་སྣང་གསར་པ་བསླེབ་རྒྱུ་དང་། དེ་བཞིན་རྒྱ་ནག་ཏུ་མི་ས་ཡ་སུམ་བརྒྱ་བརྗོད་རྒྱུ་དེ་དག་མང་པོ་ཞིག་སློབ་སྦྱོང་ཡོད་པའི་ནང་དུ་ཡོང་བཞིན་འདུག་ཅེས་སྐབས་དེའི་གསར་འགྱུར་དང་ཡིག་ཆའི་ནང་དུ་བཀོད་འདུག
འཛམ་གླིང་ཕྱི་ཕྱོགས་སུ་ཡིན་ནའང་དེ་དེ་བཞིན་རེད། བསམ་བློ་བཏང་སྟེ་དཔྱད་པ་བྱེད་མཁན་དད་པ་ཙམ་དང་ལམ་ལུགས་སྲོལ་ཁོ་ནར་ཆོག་ཤེས་མི་བྱེད་མཁན། རྒྱུ་མཚན་ལ་བསམ་བློ་གཏོང་མཁན་གྱི་ནང་ལ་སངས་རྒྱས་པའི་ཆོས་བརྗོད་སྐབས་རྒྱུ་མཚན་ལྡན་པ་ཞིག་མཐོང་གི་ཡོད་པ་མ་ཟད། ཕལ་ཆེར་བྷཌ་རེན་རས་སེལ་(Bertrand Russel)གྱིས་ཀྱང་དེ་འདྲ་བརྗོད་འདུག ཁོང་ནི་དུས་ཕྱིའི་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྨྲ་བ་ཆགས་ཡོད། དེ་མཚུངས་ཨཡིན་སི་ཊཡིན་གྱིས་བཤད་ཡོད། དེར་བརྟེན་བསམ་བློ་ཡོད་མཁན་ཚོས་དོ་སྣང་བྱེད་རྒྱུ་ཞིག་ཆགས་ཡོད། དོ་སྣང་མེད་མཁན་ཚོར་གནས་ཚུལ་ཁག་ཁག་རེད།
དོ་སྣང་ཡོད་མཁན་དང་བརྟག་དཔྱད་བྱེད་མཁན་དེ་ཚོའི་གྲས་ཀྱིས་གཞི་ནས་སངས་རྒྱས་པའི་ཆོས་བརྗོད་དུས་བརྟག་དཔྱད་བྱེད་རྒྱུ་ཡོད་པ་དང་། བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་མཐོང་ནས་དོ་སྣང་སླེབས་ཀྱི་ཡོད། མདོར་ན། ཚན་རིག་པའི་ནང་ནས་ནམ་རྒྱུན་ཆོས་ལ་དེ་ཙམ་ཡིད་ཆེས་དང་དོ་སྣང་གང་ཡང་མེད་མཁན་ཚོའི་གྲས་ཀྱིས་སངས་རྒྱས་པའི་ཆོས་ཀྱི་འགྲེལ་བཤད་གོ་ཡོང་སྐབས། གཞི་ནས་དེར་དོ་སྣང་གསར་པ་བྱེད་རྒྱུ་ཞིག་ཡོང་གི་འདུག འདི་འདྲའི་དུས་ཚོད་ལ་ང་རང་ཚོའི་ཆོས་པ་རང་ཉིད་ཀྱི་སྤུས་ཀར་བསམ་བློ་གཏོང་དགོས་པ་དང་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་ཡོད། ཁ་སྔོན་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ལྡི་ལིར་ཚོགས་པ་རེད། འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་སླེབས་པའི་ནང་པའི་སྐུ་ཚབ་ཡིན་ཞེས་བརྗོད་མཁན་མང་པོ་འདུག ཆ་ལུགས་ཡ་མ་ཟུང་དང་ཞྭ་མོ་ཁྱད་མཚར་དེ་འདྲ་གྱོན་མཁན། གང་ལྟར་ཚགས་པར་རྒྱག་མཁན་ཚོས་པར་རྒྱག་རྒྱུར་དགའ་མོས་བྱེད་པ་འདུག དངོས་གནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡིན་མིན་ཐེ་ཚོམ་གྱི་གཞི་རེད། དེ་ལྟ་བུའི་གནས་ཚུལ་ཐོག་སླེབ་ཀྱི་འདུག ཁྱད་མཚར་པོ་དང་ཡ་མཚན་པོ་ཞིག་བྱུང་ན། ནད་དྲག་སྐྱེད་ཀྱི་ནུས་མཐུ་ཡོད་(Healing Power)སྐོར་བཤད་ནས་སྙིང་རྗེ་འུ་ཐུག་བསམ་བློའི་ནང་ལ་དམིགས་བསལ་དཀའ་ངལ་འཕྲད་མཁན་ཚོར། ཁྱེད་ཀྱིས་ངར་དད་པ་བྱས་པའམ་ཡང་ན་དངུལ་སྤྲད་ན། ཁྱེད་ཀྱི་དཀའ་ངལ་དེ་དག་ངས་སེལ་ཐུབ་རྒྱུ་རེད་ཅེས་སྐད་ཆ་དེ་འདྲ་བཤད་ནས་མི་ལ་རེ་བ་སྟོང་པ་ཞིག་སྤྲོད་མཁན་དེ་རིང་ཁ་སང་ཡོང་བཞིན་འདུག
དེར་བརྟེན་ལྡི་ལིར་ངོས་ཀྱིས། སངས་རྒྱས་པའི་ཆོས་ལ་དེང་སང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོ་ཆོས་བྱེད་མཁན་དང་མི་ལ་སློབ་སྟོན་བྱེད་མཁན་གྱི་སྤུས་ཚད་ལ་གཟབ་གཟབ་མ་བྱས་ན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་འདུག ཅེས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སྐབས་སུ་བརྗོད་པ་ཡིན། སྐབས་དེར་ཕལ་ཆེར་དགུང་ལོ་ ༩༠ ཙམ་ཡིན་པའི་འབར་མའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དགེ་སློང་ཧ་ཅང་ཡག་པོ་གཅིག་ཕེབས་འདུག དེ་བཞིན་ཁེམ་པོ་ཌི་ཡ་ཡིན་ན་ལའོ་སི་ཡིན་ན་གཅིག་ནས་དགེ་སློང་བགྲེས་སོང་གཅིག་ཕེབས་འདུག དེ་དང་དེ་འདྲ་བའི་གནས་བརྟན་ཡག་པོ་དེ་འདྲ་འདུག སྐབས་དེར་ངོས་ཀྱིས་དེ་འདྲ་ཞུ་རྒྱུ་བྱུང། ང་རང་ཚོས་ནམ་རྒྱུན་ཁ་རྒྱུན་ལ་བསྟན་པ་དགོན་པ་བཞེངས་པ་ཡིན་ཞེས་བརྗོད་ཀྱི་ཡོད། དངུལ་ཡོད་ན་ཕལ་ཆེར་ལྷ་ཁང་བཞེང་རྒྱུ་ལས་སླ་པོ་རེད། ཟངས་མདོག་དཔལ་རིའི་སྨོནལམ་ནང་དེ་འདྲ་འདུག །ཁྱད་པར་བསྐྱེད་རྫོགས་ཟབ་མོའི་རྟེན་འབྲེལ་གྱིས། །རྩ་གསུམ་འཁོར་བའི་མདུད་པ་གྲོལ་ནས་ཀྱང། །སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར། །ལྷན་སྐྱེས་ཡེ་ཤེས་རོལ་པའི་རྩལ་རྫོགས་ནས། །རང་ལུས་རྟེན་བྱུང་ཇི་བཞིན་མཇལ་བར་ཤོག ཅེས་ཟངས་མདོག་དཔལ་རི་ངོ་མ་འདི་འདྲ་ཞིག་དགོས། གཞན་ཟངས་མདོག་དཔལ་རི་ཞེས་དག་ཞིང་ཡིན་བསམ་པ་དྲན་ནས་བསྡད་ན་བྱབ་མེད། སངས་རྒྱས་པའི་ཆོས་དེ་ཚན་རིག་དང་མཐུན་པ་ཞིག་ཆགས་ཡོད། དེར་བརྟེན་ལས་དང་བསོད་ནམས་སོགས་ཀྱི་ཆ་རྐྱེན་ཚང་མ་སྨིན་མཁན་དེ་འདྲ་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཟེར་བ་ཡོད། དེ་བཞིན་རྟོག་དཔྱོད་དུས་མཉམ་པ་དེ་འདྲ་ཡོད། གནས་ཚུལ་དེ་མི་ས་ཡ་བྱེ་བའི་ནང་ནས་རེ་གཉིས་ཡོང་སྲིད་པ་རེད་མ་གཏོགས་མི་མང་པོ་ཞིག་ལ་དབང་གཅིག་བསྐུར་བ་དང་རྟོག་དཔྱོད་དུས་མཉམ་པ་ཟེར་བ་དེ་འདྲ་ཧ་ཅང་ཁག་པོ་རེད།