༢༠༡༢ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྡ་ས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ནང་སྲིད་ལས་ཁུངས་ནས་གོ་སྒྲིག་འོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཀྱིས་ཨོ་སི་ཊོ་ལི་ཡའི་སྐུ་ཞབས་སི་ཊིབ་ཀེ་ལི་ཡ་མཆོག་(Steve Killelea)ལ་གཞུང་འབྲེལ་གྱི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་མར་ནང་སྲིད་དྲུང་འཕར་འཆི་མེད་ལགས་ཀྱིས་ངོ་སྤྲོད་གསུང་གནང། དེ་རྗེས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་སྐུ་ཞབས་སི་ཊིབ་ཀེ་ལི་ཡ་མཆོག་ངོ་སྤྲོད་གནང་དོན། སྐུ་ཞབས་སི་ཊིབ་ཀེ་ལི་ཡ་མཆོག་ནི་ངལ་སེལ་ཐེབས་རྩའི་(The Charitable Foundation)འགན་འཛིན་དང་སྦྱིན་བདག་གཅིག་ལྕོགས་ཡིན་པ་དང། ཐེབས་རྩ་དེ་བཞིན་ཕྱི་ལོ་ ༢༠༠༡ ལོར་ཐོག་མར་ཨོ་སི་ཊོ་ལི་ཡའི་ནང་གསར་འཛུགས་གནང་ཡོད། ཐེབས་རྩའི་ངལ་སེལ་རོགས་སྐྱོབས་ཀྱི་ལས་གཞི་ལག་བསྟར་བྱ་ཡུལ་རྒྱལ་ཁབ་གཙོ་བོ་ནི་ཨ་ཕི་རི་ཁ་དང་ལྷོ་ཤར་ཨེ་ཤི་ཡ་ཙམ་མ་ཟད། འཛམ་གླིང་ནང་དམག་འཁྲུག་དང་ནད་ཡམས་ཀྱིས་མནར་བའི་ཡུལ་གྲུ་ཁག་གཅིག་གི་ནང་ངལ་སེལ་རོགས་སྐྱོབས་དུས་ནས་དུས་སུ་གནང་དང་གནང་མུས་ཡིན། ཐེབས་རྩ་ནས་ད་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ལས་འཆར་ཐོག་རོགས་དངུལ་ཧིན་སྒོར་ས་ཡ་ ༤༦ གནང་ཡོད། དེར་བརྟེན་གོ་སྐབས་འདི་བརྒྱུད་ངས་བོད་མི་ཚང་མའི་ཚབ་ཞུས་ཏེ་སྐུ་ཉིད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་ནང་སྲིད་དྲུང་གཞོན་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་པོ་ཝར་པོ་ཡེན་(Power Point)བརྒྱུད་བོད་མིའི་གཞིས་ཆགས་མོན་གྷོ་དང་ཧུན་སུར། ཏེ་ཛུ། མེའོ། ཀོ་ལེ་གྷལ། བཅས་ཀྱི་ནང་སོ་ནམ་གྱི་ལས་གཞི་དང་འབྲེལ་བའི་ལས་གཞི་ཁག་ལག་བསྟར་བྱས་ཡོད་པའི་ངོ་སྤྲོད་གནང། དེ་རྗེས་སྐུ་ཞབས་སི་ཊིབ་ཀེ་ལི་ཡ་མཆོག་གིས་རོག་ཚོགས་ཀྱི་ལས་གཞི་དང་འབྲེལ་བའི་ཡུལ་ལུང་འདྲ་མིན་ནང་ཉམས་མྱོང་ཇི་བྱུང་དང་འཛམ་གླིང་ཞི་བདེ་དང་དཔལ་འབྱོར་ཡར་རྒྱས་གཉིས་དབར་གྱི་འབྲེལ་ལམ། འཛམ་གླིང་ནང་ཡུལ་ལུང་ཉམ་ཐག་དཔེར་ན། ཨ་ཕི་རི་ཀའི་ཀེན་ཡ་(Kenya)དང་ཀོང་གོ། (Congo) ཡུ་གན་ཌ་(Uganda)སོགས་ཀྱི་ནང་ས་ཞིང་དང་འཐུང་ཆུ་སོགས་ཀྱི་ཐེབས་རྩའི་ལས་གཞི་ ༡༢༠ ཙམ་ཡོད་པ་དང། ཁོང་ལ་འགན་གཙོ་བོ་བཞི་ཡོད་པ་རྣམས་ནི་ཐེབས་རྩའི་འགན་འཛིན་དང་སྒེར་གྱི་གློག་ལས་ཚོང་ལས་ཀྱི་འགན་འཛིན་སོགས་དང་འགན་འཛིན་བཞི་པ་དེ་འགན་ཆེ་ཤོས་ཡིན་པ་ནི་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུ་དེ་ཡིན་སྐོར་གྱི་གསལ་བཤད་གནང་ཡོད། ཕྱོགས་མཚུངས་བོད་མི་ཚོའི་དཀའ་ངལ་འོག་ཉམས་མྱོང་བྱུང་བ་དེས་ཞི་བདེ་བསྐྲུན་རྒྱུར་གལ་གནད་གསལ་པོ་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ཞུས་ཡོད།
དེ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། སྐུ་ཉིད་དང་སྐུ་ཉིད་ཀྱི་ནང་མི། དེ་བཞིན་སྐུ་ཉིད་ཀྱི་ཐེབས་རྩ་བརྒྱུད་བོད་མི་ཚོར་ད་བར་རོགས་རམ་གནང་བར་བརྟེན། བོད་མི་མང་པོའི་འཚོ་བའི་མདུན་ལམ་ལ་ཧ་ཅང་ཕན་འབྲས་བྱུང་ཡོད། དེར་བརྟེན་བོད་མི་ཚོའི་ཚབ་ཞུས་ཏེ་སྐུ་ཉིད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སླད་ཀྱང་མུ་མཐུད་བོད་མི་ཚོར་རོགས་རམ་གང་ཐུབ་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། འཛིན་སྐྱོང་གསར་པའི་འགན་དེ་བཞིན་དེ་སྔ་བཀའ་ཤག་སྐབས་གོང་མ་དང་གཅིག་མཚུངས་ཆགས་ཡོད། གང་ཡིན་བརྗོད་ན། བོད་མིའི་སྤྱི་ཚོགས་ཁྲོད་དཀའ་ངལ་མུ་མཐུད་གནས་བཞིན་ཡོད། སྐུ་ཉིད་ཀྱིས་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུར་མཐུན་འགྱུར་གནང་དང་གནང་མུས་རེད། བོད་མི་ཚོར་ཆ་གཞག་ན་རང་བཞིན་ལྷན་སྐྱེས་སུ་ཞི་བདེ་ལ་དགའ་མཁན་ཞིག་ཡིན། ཕྱོགས་གཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ལས་དེ་འདྲ་བྱུང་བ་ཞིག་རེད། དེང་སྐབས་འཛམ་གླིང་ནང་འགྱུར་འགྲོས་ཧ་ཅང་འགྲོ་བཞིན་ཡོད། དཔལ་འབྱོར་ཡར་རྒྱས་དང་ལྷན་འཚེ་མེད་ཞི་བདེའི་སྤྱི་ཚོགས་ཤིག་དང་གཞན་ཕན་གྱི་བསམ་བློ་ལྡན་པའི་ཁ་ཕྱོགས་བཟང་པོ་ཞིག་ཏུ་འགྱུར་བཞིན་ཡོད། དཔེ་མཚོན་བཟང་ཤོས་ནི་འདིར་ཕེབས་པའི་སྐུ་ཞབས་སི་ཊིབ་ཀེ་ལི་ཡ་མཆོག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་ཞབས་སི་ཊིབ་ཀེ་ལི་ཡ་མཆོག་ལ་༸གོང་ས་མཆོག་གིས་མཚན་རྟགས་བཀོད་པའི་སྟོན་པའི་ཞལ་ཐང་ཞིག་ཕྱག་རྟགས་སུ་ཕུལ་ཡོད།
སྐུ་ཞབས་སི་ཊིབ་ཀེ་ལི་ཡ་མཆོག་གིས་དབུ་ཁྲིད་པའི་ངལ་སེལ་ཐེབས་རྩ་དེ་བཞིན་ཕྱི་ལོ་ ༢༠༠༥ ལོར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་བརྒྱུད་ནང་སྲིད་དང་འབྲེལ་བ་ཆགས་ཡོད། ངལ་སེལ་ཚོགས་པ་དེས་གཙོ་བོ་བོད་མིའི་སོ་ནམ་དང་འབྲེལ་བའི་ལས་གཞིའི་ཐོག་རོགས་རམ་གནང་ཡོད། དེའི་ཁོངས་གཙོ་ཆེ་ཤོས་སྐྱེ་ལྡན་སོ་ནམ་དང་ས་ཆུ་བདག་གཅེས། སྒོ་ཕྱུགས་གསོ་སྐྱོང། ཤིང་སྣ་འདེབས་འཛུགས། ཆར་ཆུ་གསོག་འཇོག་སོགས་ལས་འཆར་རླབས་ཆེན་པོ་མང་པོར་རོགས་རམ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ བར་ལས་གཞི་ཁག་ལ་རོགས་རམ་གནང་རྒྱུའི་ལས་གཞི་བང་སྒྲིག་ཡོད་པ་དང་། རྗེས་སུའང་རོགས་རམ་མུ་མཐུད་གནང་རྒྱུའི་འཆར་གཞི་ཡོད་འདུག་པ་བཅས།།