༢༠༡༢ ཟླ་ ༤ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་རང་སྐྱོང་ལྗོངས་ཞེས་པའི་ཁོངས་གཏོགས། དེང་སྐབས་སྔོན་ཐོན་གྱི་དགོན་སྡེ་དང་སྔོན་ཐོན་གྱི་གྲྭ་བཙུན་འདེམས་སྒྲུག་བྱེད་པའི་ལས་གཞི་དང་འབྲེལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་རིང་ཕྱི་ཟླ་ ༤ པའི་ཚེས་ཤར་དུ་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་ལྡན་ཆོས་འཁོར་དགོན་པར་ལས་དོན་རུ་ཁག་ནས་དགོན་པའི་འདུ་ཁང་ནང་རྒྱ་ནག་དམར་ཤོག་གི་གཙོ་འཛིན་བཞིའི་འདྲ་པར་སྒྲིག་གཤོམ་བྱེད་དགོས་པ་མ་ཟད། དགོན་པའི་ཡང་སྟེང་དུ་དར་དམར་སྒྲེང་འཛུགས་བྱ་རྒྱུའི་བཙན་བཀའ་བཏང་སྐབས། དགེ་འདུན་པས་དང་ལེན་རྩ་བ་ནས་མ་བྱས་སྟབས། ལས་དོན་རུ་ཁག་ནས་བཙན་དབང་ཐོག་དར་དམར་དགོན་པའི་ཡང་སྟེང་དུ་སྒྲེང་འཛུགས་བྱས་པར་བརྟེན། རང་ལོ་མཐོ་ཙམ་ཡིན་པའི་དགེ་འདུན་པ་ཞིག་སྙིང་གས་ནས་རང་སར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་དང༌། དགེ་འདུན་པ་བྱིངས་རྣམས་ཀྱང་དགོན་པར་གནས་མ་ཐུབ་པར་རང་ཁྱིམ་དུ་ལོག་དགོས་བྱུང་རྐྱེན་ད་ཆ་དགོན་པ་སྟོང་པར་གྱུར་བའི་གནས་ཚུལ་ཐོན་འདུག
ལྡན་ཆོས་འཁོར་དགོན་པར་ད་ཐེངས་ཙམ་མ་ཡིན་པར་ཕྱི་ལོ་ ༢༠༠༩ ལོར་ཡང་དགེ་འདུན་པས་རྒྱ་ནག་གཞུང་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་གནས་ཚུལ་བྱུང་བར་བརྟེན། དགོན་པ་དེའི་མཁན་པོ་བསྟན་འཛིན་རྒྱལ་མཚན་ལགས་དང་དགེ་འདུན་པ་གཞན་ཁག་གཅིག་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་སྟེ་ད་ལྟ་བཙོན་ཁང་ནང་སྡུག་སྦྱོང་མྱངས་དང་མྱོང་མུས་ཡིན་འདུག
ད་རེས་ཀྱི་འབྱུང་རྐྱེན་དེའི་ཐད་ཉེ་དུས་ཟླ་ ༣ པའི་ནང་ཆབ་མདོ་ས་ཁུལ་གྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་ཆབ་མདོར་དྲག་རྡུང་གཏོང་རྒྱུའི་སྐུལ་སློང་ཚོགས་ཆེན་ཟེར་བ་ཚོགས་ཏེ་ཆབ་མདོར་གྲྭ་བཙུན་དང་དད་ལྡན་པ་མང་པོ་ཡོད་པས། ཏཱ་ལའི་རུ་ཚོགས་ཀྱི་གཏོར་བཤིག་སྤེལ་སའི་བཙན་རྫོང་གི་འཐབ་ར་ཡིན་པ་དང༌། ཆབ་མདོའི་དགོན་སྡེ་མང་པོ་ཞིག་གི་གནད་དོན་ནུས་པ་ལྡན་པའི་ཐོག་ནས་ཐག་གཅོད་བྱེད་ཐུབ་མེད་པ། གུང་ཁྲན་ཏང་མི་དང་གྲྭ་པ་ནི་འདུ་ཤེས་འཛིན་སྟངས་མི་འདྲ་བ་གཉིས་ཀྱི་འགྲན་རྩོད་ཡིན་པ། སྔོན་ཐོན་གྱི་བསམ་བློ་དང་རྗེས་ལུས་བསམ་བློའི་བར་གྱི་འགྲན་རྩོད་ཡིན་པར་ལོག་བཤད་བྱས་ཏེ་དྲག་རྡུང་བྱ་རྒྱུར་སྐུལ་སློང་བྱས་ཡོད་པ་མ་ཟད། ཁོ་པ་རང་ཉིད་དགོན་སྡེ་ཁག་ལ་ལས་འགུལ་སྤེལ་ཡུལ་དུ་ཆེད་བསྐྱོད་བྱས་ཏེ་གྲྭ་བཙུན་བསྡུ་རུབ་ཀྱིས་ཚོགས་འདུ་ཚོགས་པ་དང་ལས་དོན་རུ་ཁག་གིས་སློབ་གསོ་སྤེལ་ཡུལ་ལ་ལྟ་ཞིབ་བྱས་འདུག ལས་འགན་ཚུལ་བཞིན་མ་གྲུབ་མཁན་གྱི་ལས་བྱེད་སུ་འདྲ་ཞིག་ཡིན་ནའང་གནས་དབྱུང་གཏོང་རྒྱུ་དང་ལས་དོན་ལེགས་གྲུབ་བྱེད་མཁན་ལ་གཟེངས་བསྟོད་དང་གནས་སྤར་བྱ་རྒྱུའི་སྐུལ་སློང་ཤུགས་ཆེ་བྱེད་བཞིན་པ་སོགས་ལས་ཆབ་མདོ་ཁུལ་གྱི་དགོན་སྡེ་ཁག་ནང་སློབ་གསོ་ལག་ལེན་དེ་དག་གཞི་རྒྱ་ཆེན་པོས་བསྟར་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་བཅས། །
བོད་ནང་དགོན་སྡེ་ཞིག་སྟོང་པར་གྱུར་བ།
གསར་གནས།
འབྲེལ་གནས།