༢༠༡༢ ཟླ་ ༤ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༣ ཚེས་ ༢༧ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་བྱང་ཤར་ཤི་ལོང་ས་གནས་སུ་མི་མང་ཚོགས་ཁང་དང་ས་ཆའི་མིང་བསྒྱུར་གསར་རྒྱག་ཞུ་ཕྱོགས་ཐད་དམར་སྒར་ལས་ཁུངས་སུ་དྲུང་ཡིག་ཆེན་མོ་མཇལ་འཕྲད་དང་ཁྲིམས་རྩོད་པ་ལྷན་གོ་བསྡུར། མི་མང་ཚོགས་ཆེན་སོགས་གནང་ཡོད།
དེ་ཉིན་མི་མང་ཚོགས་ཆེན་གྱི་སྐབས་ཉེ་དུས་བོད་ནང་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་པ་དཔའ་བོ་དཔའ་མོ་རྣམས་དང་ཕྱི་ཚེས་ ༢༦ ཉིན་ལྡི་ལིར་འཇམ་དཔལ་ཡེ་ཤེས་དམ་པ་དེ་ཉིད་ནས་རང་ལུས་མེར་སྲེག་གནས་ཚུལ་དེ་དག་རྒྱུ་རྐྱེན་བོད་ནང་རང་དབང་མེད་པ་མ་ཟད། བོད་མིར་སྡུག་སྦྱོང་བཏང་དང་གཏོང་བཞིན་ཡོད་པ། དེ་བཞིན་བཙན་བྱོལ་དུ་བོད་མི་རྣམས་ཆིག་སྒྲིལ་ཐོག་ལས་དོན་ནུས་པ་ལྡན་པ་སྤེལ་གལ་ཆེ་སྐོར་གསུང་བཤད་གནང་། དེ་རྗེས་ས་གནས་འཐུས་ཚོགས་དང་། གཞིས་ལས་ཁང་། སྤྱི་པའི་ས་ཆར་ལྟ་སྐོར་གནང་མཚམས་མེ་གྷ་ལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཆལ་སི་པིན་རོབ་མཆོག་མཇལ་འཕྲད་ཀྱིས་ས་གནས་བོད་མི་འགར་རླུང་ཐབ་གསར་ཞུ་དང་། ཁ་ལོ་བའི་ལག་འཁྱེར་གསར་བཟོའི་སྐབས་འབྲེལ་ཡོད་ཁག་གཅིག་ནས་རྒྱ་གར་འོས་བསྡུའི་ལག་འཁྱེར་དགོས་ལུགས་གསུང་གི་ཡོད་ཀྱང་། བོད་མིར་དཀའ་ངལ་དེ་དག་སེལ་སླད་རྒྱ་གར་གཞུང་ནས་གནང་བའི་སྐྱབས་བཅོལ་ལག་དེབ་ཐོག་ངོ་བཞེས་ཡོང་བའི་བདེ་སྡུག་སྙན་སེང་ཞུས། དེ་ནས་ཡུལ་མིའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག་པ་བཅས།།