༢༠༡༢ ཟླ་ ༤ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣ ནས་ ༦ བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བྷི་ནད་གཞི་འགོག་ཐབས་སྐོར་ཚོགས་ཆེན་དང་ཟབ་སྦྱོང་གི་སྐུ་མགྲོན་གཙོ་བོར་ཕེབས་པའི་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གི་ཊི་བྷི་སྡེ་ཚན་གྱི་ཚོགས་གཞོན་སྐུ་ཞབས་ Dr. Ashok Kumar དང༌། དེ་བཞིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲོས་དྲི་སྨན་པ། ཧི་མ་ཅལ་མངའ་གཞུང་གི་ཊི་བྷི་ལས་གཞིའི་འགན་འཛིན། ཀང་ར་རྫོང་གི་ཊི་བྷི་ལས་གཞིའི་འགན་འཛིན། བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས། སྨན་པ་དཀོན་མཆོག་རྡོ་རྗེ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་འདི་ཚེས་ ༤ ཉིན་གདན་ཞུས་ཀྱིས་དཔལྡན་འཕྲོད་བསྟེན་བཀའ་བློན་མཆོག་དང༌། འཕྲོད་བསྟེན་དྲུང་ཆེ། དྲུང་འཕར་བཅས་དང་མཇལ་འཕྲད་གནང༌།
མཇལ་འཕྲད་སྐབས་བོད་པའི་ཊི་བྷི་འགོག་ཐབས་ལས་གཞི་ Tibetan TB Control Program དེ་བཞིན་རྒྱ་གར་དབུས་གཞུང་གི་ཊི་བྷི་འགོག་བཅོས་ལས་གཞི་ Revised National TB Control Program དང་ཟུང་སྦྲེལ་གནང་ཐབས་སྐོར་བཀའ་བསྡུར་གནང༌། དེ་རྗེས་ཕྱག་ཚོད་ ༤ ཐོག་དཔལ་ལྡན་བཀའ་བློན་མཆོག་ཨ་རི་ཇོན་ཧོབ་ཀིན་སི་མཐོ་སློབ་ཀྱི་ཊི་བྷི་ཉམས་ཞིབ་ Center for TB Research, Johns Hopkins University སྡེ་ཚན་གྱི་སྤྱི་ཁྱབ་སྨན་པ་སྐུ་ཞབས་ Dr. Richard Chaisson དང་མཇལ་འཕྲད་ཀྱིས་འགྲོ་བཞིན་པའི་ཊི་བྷིའི་ལས་གཞི་ TB REACH Project དང༌། མཆིན་པའི་གཉན་ཚད་འགོག་བཅོས་ལས་གཞི་དང༌། འདར་ཚད་མ་ལེ་རི་ཡ་འགོག་ཐབས་ལས་གཞི་བཅས་ཀྱི་ཐོག་མ་འོངས་རོགས་རམ་གནང་ཕྱོགས་སྐོར་བཀའ་བསྡུར་ལྷུག་པོ་གནང་སོང་བའི་གནས་ཚུལ་དུ། འཕྲོད་བསྟེན་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༥ ལ།།