༢༠༡༢ ཟླ་ ༤ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་དགེ་འདུན་བསྟན་པ་དར་རྒྱས་ལགས་དང་། འཆི་མེད་དཔལ་ལྡན་ལགས་གཉིས་སྐབས་ཐོག་དེར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ས་གནས་དེ་གར་ཡོད་པའི་རྔ་པ་རང་སྐྱོང་ཁུལ་གྱི་སྨན་ཁང་དུ་ཁྱེར་ནས་དམ་བསྒྲགས་ཆེན་ པོའི་འོག་བཞག་ཡོད་སྟབས། སྐབས་དེའི་ཁོང་རྣམ་པ་གཉིས་ཀྱི་ཤི་གསོན་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང་ཡང་ཉིན་དེའི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༩ པ་ཙམ་ནས་ས་གནས་དེ་གའི་སེར་སྐྱ་མི་མང་བརྒྱ་ལྷག་ཁུལ་དེའི་སྨན་ཁང་གི་སྒོ་ཁར་འཛོམས་ནས་དགེ་འདུན་པ་གཉིས་ཀྱི་ཤི་གསོན་གང་ཡིན་ཡང་ཚུར་ང་ཚོར་སྤྲོད་དགོས་པ་དང་། སྨན་ཁང་ནང་དུ་ལྟ་རུ་འགྲོ་བཅུག་དགོས་པའི་རེ་འདུན་དང་ངུ་འབོད་ཤུགས་དྲག་བྱས་པར་ཉན་འཇོག་བྱེད་རྒྱུ་ལས་ལྡོག་སྟེ་གང་བྱུང་འཛིན་བཟུང་དང་གཅར་རྡུང་དྲག་པོ་བཏང་སྟེ་མི་མང་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་མང་པོ་ཞིག་སྨན་ཁང་སྒོ་འགྲམ་ནས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་ཀྱང་། མི་མང་གིས་མུ་མཐུད་སྨན་ཁང་ནང་དུ་གཏོང་དགོས་པའི་རེ་འདུན་བཏོན་སྟབས་མཚན་མོའི་དུས་ཚོད་ ༡༢ ཡས་མས་སུ་མི་གཉིས་རེ་གཉིས་རེ་བྱས་ཏེ་མི་ཁག་གཅིག་ལ་ཐག་རིང་ཙམ་ནས་ལྟ་རུ་བཅུག་ཡོད་པ་དང་། དགེ་འདུན་པ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཡོད་པ་ངོས་ལེན་གྱིས་ཁོང་གི་སྐུ་ཕུང་མེར་སྲེག་བཏང་སྟེ་ཕྱི་ཚེས་ ༣༡ ཉིན་སྔ་དྲོའི་ཆུ་ཚོད་ ༥ ཙམ་ལ་རུས་ཐལ་ཞིག་ཚོ་བདུན་ཀིརྟི་དགོན་པར་སྤྲད་ཡོད་པར་བརྟེན། དགོན་པའི་ནང་གདན་འདྲེན་ཞུས་ཏེ་དགོན་པའི་གྲྭ་མང་གིས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་སྒྲུབ་བཞིན་ཡོད་འདུག ཡང་མདང་དགོང་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་འབོར་ཆེན་ཞིག་ཚོ་བདུན་ཀིརྟི་དགོན་པའི་ཕྱོགས་སུ་འབྱོར་འདུག་སྟབས། ཚོ་བདུན་ཟམ་ཁ་ནས་ཚོ་བདུན་མི་མང་གིས་གནས་སྟངས་ཅི་ཞིག་ལ་ཐུག་ཀྱང་ཉེན་རྟོག་པ་སོགས་དགོན་ནང་དུ་མི་གཏོང་ཞེས་ནུས་ཤུགས་ཡོད་དགུས་བཀག་འགོག་བྱས་པར་བརྟེན། མི་མང་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱི་བར་དུ་ཛ་དྲག་གི་གདོང་ཐུག་ཆེན་པོ་ཞིག་ཡོང་ཉེའི་སྐབས། ཚོ་བདུན་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་དབུ་འཛིན་སོགས་ ཀྱིས་བར་འདུམ་གནང་སྟེ་ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཤེས་ཀྱིས་ཛ་དྲག་གི་གནས་སྟངས་མ་ཡོང་བའི་རེ་བ་ནན་གྱིས་བཏོན་ཏེ། མི་མང་གིས་སྐད་འབོད་ངོ་རྒོལ་སོགས་མི་བྱེད་རྒྱུ་དང་། དྲག་ཆས་ཉེན་རྟོག་པ་སོགས་ཟམ་ཁ་ནས་ཕྱིར་འཐེན་བྱེད་རྒྱུ་བྱས་ནས་གནས་སྐབས་རིང་ལྷིང་འཇགས་སུ་སོང་ཡོད་ཀྱང་། རྒྱ་གཞུང་གིས་དགོན་པར་དམ་བསྒྲགས་དང་དགེ་འདུན་ཁག་གཅིག་འཛིན་བཟུང་བྱེད་ངེས་ཅན་ལ་སོང་ཛ་དྲག་གི་གནས་སྟངས་ཤིག་ཡོང་རྒྱུར་ཉེ་བ་ལྟ་བུའི་ངང་ལྷག་ཡོད། དེ་མིན་དགེ་འདུན་བསྟན་པ་དར་རྒྱས་ལགས་རྔ་པ་རང་སྐྱོང་ཁུལ་སྨན་ཁང་དུ་ཡོད་ཅིང་། ད་ལྟའི་ཆར་སྐུ་གྲོངས་མེད་ཙམ་ལས་གསོན་པའི་རེ་བ་ཡོངས་སུ་བྲལ་ཏེ་མི་རིང་བའི་དུས་ཚོད་ནང་གྲོངས་རྒྱུ་ཉག་གཅིག་ཡིན་འདུག་པ་བཅས།
དགེ་འདུན་པ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་བ།
གསར་གནས།
འབྲེལ་གནས།