༢༠༡༢ ཟླ་ ༤ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༤ རེས་གཟའ་མིག་དམར་ཉིན་བཏང་གནས་ནང་འཁོད་དོན། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསར་ལྟར་ན། ཉེ་སྔོན་ཕྱི་ཚེས་ ༡༩ ཉིན་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་། བསོད་ནམས་ལགས་གཉིས་ཀྱིས་ལག་ཁྱེར་ཁ་པར་ནང་དུ་ཁ་ཆེམས་ཤིག་བཞག་ཡོད་པ་ལག་སོན་བྱུང་འདུག
གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་མ་བཏང་སྔོན་དུ་ལག་ཁྱེར་ཁ་པར་ནང་དུ་ཁ་ཆེམས་ཤིག་བཞག་འདུག་ལ། ད་སྐབས་ཁ་ཆེམས་དེ་མི་མང་པོ་ཞིག་གིས་ཕན་ཚུན་ལ་ཁ་པར་བརྒྱུུད་ནས་སྐུར་རེས་བྱས་ཏེ་རྒྱ་ཁྱབ་ཏུ་འགྲོ་བཞིན་འདུག ཁ་ཆེམས་དེའི་ནང་དུ་གཙོ་བོ། ཁོང་གཉིས་ཀྱི་རང་ལུས་མེར་སྲེག་གཏོང་དགོས་དོན་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད། བྱེ་བྲག་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་ཡིན་པ་དང་། ཡང་ངེད་གཉིས་མི་ཡུལ་འདིར་ཕ་མ་སྤུན་མཆེད་དང་། གཉེན་ཉེ་དུ་རྣམས་དང་ལྷན་དུ་སྡོད་འདོད་མེད་པ་མིན་མོད། འོན་ཀྱང་སྡོད་པའི་རང་དབང་མི་འདུག ཅེས་དང་། དེ་བཞིན་དུ་ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་ཁོང་གཉིས་ཀྱི་ཕུང་པོ་རྒྱ་མིས་འཁྱེར་ངེས་ཀྱང་། ནང་མི་སྤུན་མཆེད་དང་སྡེ་མི་སུས་ཀྱང་དེ་ལ་བཀག་འགོག་བྱེད་མི་དགོས། ཁོང་ཚོར་ག་རེ་བྱེད་ན་བྱེད་དུ་བཅུག ཅེས་སོགས་འཁོད་ཡོད་པ་བརྗོད་ཀྱི་འདུག
ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་དོན། ཉེ་སྔོན་སྣང་གྲོལ་ལགས་ཀྱི་ཁ་ཆེམས་དང་། ད་རེས་ཁོང་གཉིས་ཀྱི་ཁ་ཆེམས་ཀྱིས་མཚོན་པའི་དཔའ་བོ་ཚོའི་སྙིང་སྟོབས་སོགས་ལ་བརྟེན་ནས་ཛམ་ཐང་གི་བོད་མི་དག་ནི་དངོས་གནས་གཉིད་ལས་སད་དེ་ད་སྐབས་ཛམ་ཐང་གི་ཇོ་ནང་དགོན་སྡེ་ཁག་གི་གཙོས་སྐྱ་སེར་དབྱེ་བ་མེད་པར་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེའི་ཆེད་མཆོད་འབུལ་ཚོགས་པ་དང་། མི་སྐྱ་རྣམས་ཀྱིས་ནང་འཛིང་དང་ནང་རྐུན་མི་བྱེད་རྒྱུའི་དམ་བཅའ་ཕུལ་དང་འབུལ་བཞིན་ཡོད་ལ། ཁོ་ཚོས་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བསྟར་ཐབས་སུ་ཉེ་སྔོན་ནས་མཚོན་ཆ་ཚང་མ་དགོན་པར་ཕུལ་ཡོད་པ་དེ་དག ཕྱི་ཚེས་ ༢༣ ཉིན་ཛམ་ཐང་ཇོ་ནང་དགོན་ཆེན་དུ་མེར་སྲེག་བཏང་ཡོད་ལ། འདིར་མི་སྟོང་ཕྲག་ལྔ་ལྷག་འཛོམས་འདུག་ཅེས་འགྲེལ་བརྗོད་གནང་འདུག
ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ བོད་ནང་ཉིན་གུང་ཆུ་ཚོད་ ༢།༢༠ ཡས་མས་སུ། ཛམ་ཐང་བར་མ་ཡུལ་ཚོའི་ཕ་དགེ་སྐོར་ཚོ་བའི་སྲུང་ཐར་དང། མ་པད་ནེ་གཉིས་ཀྱི་བུ་ཆོས་འཕགས་སྐྱབས་ལགས་དགུང་ལོ་ ༢༥ སོན་པ་དང། མ་སེམས་སྐྱེད་ཀྱི་བུ་བསོད་ནམས་ལགས་དགུང་ལོ་ ༢༤ སོན་པ་ཁོང་གཉིས་ཀྱིས། ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རྒྱ་ནག་གཞུང་གི་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེར་སྲེག་གནང་སྟེ། དུས་ཡུན་རིང་པོ་མ་འགོར་བར་རྒྱལ་གཅེས་དཔའ་བོ་ཁོང་གཉིས་སྐུ་གཤེགས་པ་དང་། རྒྱ་གཞུང་གིས་བཙན་བཀའ་བཏང་བ་ལ་བརྟེན་མཚན་ཆུ་ཚོད་ ༡ པོ་ཙམ་ལ་ཛམ་ཐང་དགོན་ཆེན་རྒྱབ་རིའི་དུར་ཁྲོད་དུ། བླ་གྲྭ་ཉིས་སྟོང་ལྔ་བརྒྱ་ལྷག་དང། མང་ཚོགས་སུམ་སྟོང་ལྷག་བཅས་འདུ་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་དགོས་ཐུག་འདུག་པ་བཅས།།
ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་མ་བཏང་གོང་ཁ་ཆེམས་བཞག་པའི་གནས་ཚུལ་ཐོན་པ།
གསར་གནས།
འབྲེལ་གནས།