༢༠༡༢ ཟླ་ ༤ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༠༤ ཚེས་ ༡༩ བོད་ནང་ཉིན་གུང་ཆུ་ཚོད་ ༡ ཡས་མས་སུ། མདོ་སྨད་རྔ་པ་ཁུལ། ཛམ་ཐང་རྫོང་བར་མ་ཡུལ་ཚོའི་ཕ་དགེ་སྐོར་ཚོ་བའི་སྲུང་ཐར་དང། མ་པད་ནེ་གཉིས་ཀྱི་བུ་ཆོས་འཕགས་སྐྱབས་ལགས་དགུང་ལོ་ ༢༥ སོན་པ་དང། མ་སེམས་སྐྱེད་ཀྱི་བུ་བསོད་ནམས་ལགས་དགུང་ལོ་ ༢༤ སོན་པ་ཁོང་གཉིས་ཀྱིས། ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ། རྒྱ་ནག་གཞུང་གི་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་པར་སྐུ་ལུས་མེར་བསྲེགས་གནང་སྟེ། དུས་ཡུན་རིང་པོ་མ་འགོར་བར་རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀ་སྐུ་གཤེགས་ཡོད་འདུག་ལ། མཚན་ཆུ་ཚོད་དང་པོ་ཙམ་ལ་རྫམ་ཐང་དགོན་ཆེན་རྒྱབ་རིའི་དུར་ཁྲོད་དུ། བླ་གྲྭ་ཉིས་སྟོང་ལྷག་དང། མང་ཚོགས་སུམ་སྟོང་ལྷག་བཅས་མཉམ་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀྱི་སྐུ་ཕུང་ཞུགས་འབུལ་གྱིས་བསྲེགས་སྦྱངས་གནང་ཡོད་འདུག ད་ལྟའི་ཆར་ས་གནས་དེར་རྒྱ་གཞུང་གིས་ཉེན་རྟོག་དམག་མི་འགྲེམ་འཇོག་བྱས་ཏེ། དམ་དྲག་ཆེན་པོ་བྱེད་བཞིན་པ་རེད་འདུག
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༥ བྱུང་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་། བསོད་ནམས་ལགས་གཉིས་བརྩིས་ན། རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་ཤོར་མཁན་ ༢༧ ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་དང་དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་སྟེ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རེ་འདུན་ཏེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་ཞིབ་ནན་པོ་བྱེད་དགོས་པ་དང་། དེ་ལས་ལྡོག་སྟེ་རྒྱ་གཞུང་གི་རྒྱུན་ལྡན་ལྟར་ཟུར་བལྟས་ལེབ་མཐོང་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ། སྒྲོ་སྐུར་དང་འཁྱོག་བཤད། རྫུན་སྒྲིག་སྣ་ཚོགས་བྱས་ཏེ། རྒྱལ་སྤྱི་དང་ལྷག་དོན་དྲང་བདེན་དང་རང་དབང་ལ་མོས་པ་ཆེ་བའི་རྒྱ་མི་རིགས་ལ་མགོ་སྐོར་གཏོང་ཐབས་བྱས་ཏེ། བོད་རྒྱ་མི་རིགས་གཉིས་དབར་དབྱེ་འབྱེེད་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་ཞེ་འཁོན་སློང་ཐབས་བྱེད་བཞིན་པ་དེ་ནི། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱས་པ་ཞིག་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་རིམ་སྤེལ་ནང་། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་མ་བཏང་ན། བོད་ནང་རང་ལུས་མེར་སྲེག་གིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་ནན་བརྗོད་བྱས་པ་ལྟར། རང་ལུས་མེར་སྲེག་དང་མི་མང་གྱེན་ལངས་ཀྱི་ལས་འགུལ་རྒྱུན་ཆད་མེད་པ་ཡོང་བཞིན་ཡོད་པས། རྒྱ་གཞུང་གིས་བོད་ཀྱི་གནད་དོན་ལ་བསམ་ཞིབ་ནན་པོ་བྱེད་པའི་དུས་ལ་བབས་ཡོད། དེ་ལས་ལྡོག་སྟེ་ཞག་འགྱངས་ཉིན་ཕུད་ཁོ་ན་བྱས་ན་རི་ལུག་པ་ཐག་པས་མི་འདུམ་ཟེར་བ་བཞིན། ཉིན་ཞིག་རྒྱ་ནག་གི་དཔོན་རིགས་དང་གཞུང་གཉིས་ཀ་དཀའ་ངལ་ཆེ་བའི་གནས་སུ་ལྷུང་ངེས་ཡིན་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཉིན།།