༢༠༡༢ ཟླ་ ༤ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ ཉིན་བྲག་མགོའི་ཛ་དྲག་ཚོགས་ཆུང་གི་སྐུ་ཞབས་དཔལ་ལྡན་ལགས་ཀྱིས་གནང་གནས་ནང་འཁོད་དོན། དེ་སྔོན་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཁམས་བྲག་མགོའི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན། དུས་དེ་ནས་བཟུང་ད་ལྟའི་བར་དུ་བྲག་མགོ་རུ་རྒྱ་དམག་གིས་དམ་བསྒྲགས་ཤུགས་དྲག་བྱེད་བཞིན་པ་དང་། དེ་ཡང་བླ་སྤྲུལ་དང་སེར་སྐྱ་གང་མང་ཞིག་འཛིན་བཟུང་བྱས་ཟིན་པའི་ནང་ནས་སྒུག་སྟེང་གྲོང་ཕ་བསོད་དགྲ་འདུལ་དང་མ་སྐྱ་ལུ་གཉིས་ཀྱི་བུ་བསོད་ནམས་དར་རྒྱས་ལ་ལོ་ ༡༠ དང་། དགུ་ནང་གྲོང་ཕ་རྒྱས་པའི་བུ་པདྨ་འོད་གསལ་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་མི་ལྔ་ལ་ལོ་ ༡༠ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། གཞན་ཡང་ཁ་སང་ཕྱི་ཚེས་ ༢༦ ཉིན་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། བྲག་མགོ་རྫོང་ནས་སླར་ཡང་ཁྲིམས་ཐག་མི་བཅུ་དྲུག་ལ་བཅད་ཡོད་འདུག དེ་དག་གི་ནང་ནས་ཁག་གཅིག་ལ་ཁྲིམས་ཐག་གང་འདྲ་བཅད་ཡོད་པའི་གནས་ཚུལ་གསལ་པོ་ཤེས་གསལ་བྱུང་བ་ཁག་ནི། བྲག་མགོ་གེ་འཕེན་ལི་ཁོག་མ་ནས་ཡིན་པའི་རང་ལོ་༣༠ ཡིན་པའི་དབང་ཆེན་ཚེ་རིང་ལ་ལོ་ ༩ ཡི་ ཁྲིམས་ཐག་བཅད་ཡོད་པ་དང་། རང་ལོ་ ༢༥ ཡིན་པའི་ཆོས་རྣམ་ལ་ལོ་ ༣ གྱི་ཁྲིམས་ཐག་བཅད་འདུག རང་ལོ་ ༣༠ ནང་ལ་ཡོད་པའི་བསོད་ནམས་ལྷུན་གྲུབ་ལ་ཚེ་བཙོན་གྱི་ཁྲིམས་ཐག་དང་། རང་ལོ་ ༥༠ ནང་ལ་ཡོད་པའི་ཨ་འཛི་ཞོ་པོའི་ལ་ལོ་ ༣ གྱི་ཁྲིམས་ཐག་དང་། ཡང་གེ་འཕེན་ལི་ཁོག་མ་ནས་ཡིན་པ་ལོ་༣༠ ནང་ལ་ཡོད་པའི་ཇི་བེ་ལ་ལོ་ ༡༢ གི་ཁྲིམས་ཐག་བཅད་ཡོད་པ་དང། རང་ལོ་ ༢༠ ནང་ལ་ཡོད་པའི་ཀུན་ཐོ་ལ་ལོ་ ༡༣ གི་ཁྲིམས་ཐག་བཅད་ཡོད་པ་དང། རང་ལོ་ ༣༠ ནང་ལ་ཡོད་པའི་ཀུན་འགྲུབ་ལ་ལོ་ ༡༡ གི་ཁྲིམས་ཐག་དང་། རང་ལོ་ ༣༠ ནང་ཡོད་པའི་སྙན་གྲགས་ལ་ལོ་ ༡ དང་ཟླ་བ་ ༨ ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། རང་ལོ་ ༣༠ ནང་ལ་ཡོད་པའི་ཕུར་བ་ཚེ་རིང་ལ་ལོ་ ༢ དང་། རང་ལོ་ ༢༠ ནང་ཡོད་པའི་དབང་ཚེ་ལ་ལོ་ ༡ དང་ཟླ་བ་ ༩ གི་ཁྲིམས་ཐག་བཅད་ཡོད་འདུག་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།
ཉེ་ཆར་སླར་ཡང་དེ་སྔོན་ནས་བྲག་མགོའི་ཞི་རྒོལ་བ་གཙོ་བོའི་གྲས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱེད་དགོས་ངེས་པའི་བཀའ་བཏང་ཟིན་པའི་བྲག་མགོ་དགོན་པའི་གྲྭ་བཀྲ་ཤིས་དར་རྒྱས་ལགས་བྲག་མགོའི་ཉི་ཁོག་ལུང་པ་ནས་ཉེན་རྟོག་པས་ལྐོག་སྒུག་བྱས་ཏེ་འཛིན་བཟུང་བྱས་འདུག་པ་དང་། དེ་དང་མཉམ་དུ་གྲྭ་རྣམ་རྒྱལ་ལགས་དང་། གཞན་མི་སྐྱ་གཅིག་བཅས་འཛིན་བཟུང་བྱས་འདུག
བཀྲ་ཤིས་དར་རྒྱས་ལགས་ད་ལྟ་དར་མདོའི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་ཅིང་། གཞན་གཉིས་གང་དུ་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད། ལྷག་པར་དེང་སང་བྲག་མགོ་དགོན་པའི་ནང་དུ་རང་ལོ་བཅུ་བཞི་མན་གྱི་གྲྭ་པ་སྡོད་མི་ཆོག་པའི་བཙན་བཀའ་བཏང་སྟེ་གྲྭ་གཞོན་ ༣༠ ལྷག་ཅིག་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་འདུག དུས་རྒྱུན་སློབ་ཕྲུག་ ༡༤༠ ལྷག་ཡོད་པའི་བྲག་མགོ་དགོན་པའི་སློབ་གྲྭ་དེ་སྔོན་ནས་སྒོ་བརྒྱབ་ཡོད་ཅིང་། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་སླར་ཡང་འཚོགས་ཐུབ་ཙམ་བྱུང་ཡོད་ཀྱང་རྒྱ་གཞུང་གིས་དམ་བསྒྲགས་སོགས་ཀྱི་རྐྱེན་པས་སློབ་ཕྲུག་ ༤༠ ཙམ་ལས་འདུས་ཐུབ་མེད་པ་སོགས་དཀའ་ངལ་འཕྲད་བཞིན་ཡོད་འདུག ཉེ་སྔོན་བྲག་མགོའི་ཡུལ་དུ་མི་མང་སློབ་གསོ་ཟེར་བའི་ཤང་སོ་སོར་བཅར་འདྲི་སྣ་ཚོགས་བྱེད་པའི་ལས་འགུལ་སྤེལ་སྐབས་མདའ་མདོ་ཤང་དུ་མི་མང་ཚོས་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་རླངས་འཁོར་བཅག་སྟེ་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་སྟབས། ཕྱིས་སུ་རྒྱ་གཞུང་གིས་མང་ཚོགས་ཁྲོད་ནས་ལས་འགུལ་དེ་བྱེད་མཁན་ཡིན་པའི་ཉེས་མིང་འོག་ཕྱི་ཟླ་ ༢ ཚེས་ ༡༢ ཉིན་ཕ་བློ་ལྡན་ཤེས་རབ་དང་མ་ཁྲོ་མ་གཉིས་ཀྱི་བུ་བསོད་ནམས་རིན་ཆེན་འཛིན་བཟུང་བྱས་ཏེ་ད་ལྟ་གར་ཡོད་ཆ་མེད་གྱུར་འདུག སྤྱིར་བྲག་མགོ་རུ་དུད་འགྲོའི་ཚེ་སྲོག་ལ་སྲུང་སྐྱོབས་བྱེད་ཅི་ནུས་ཀྱིས་དགེ་སྦྱོང་ལ་བརྩོན་པའི་ལུགས་སྲོལ་བཟང་པོ་སྔར་མུས་སུ་གནས་ཡོད་ཀྱང་ད་ཆར་རྒྱ་གཞུང་གིས་དེའི་ཁ་གཏད་དུ་བྲག་མགོའི་ཡུལ་གྱི་གྲོང་མི་རྣམས་ལ་ཕག་པ་ཡག་པོ་གསོ་དགོས་པ་དང་། ཕྱིས་སུ་ཕག་བཤའ་སྐབས་ལྟ་སྐོར་ཡོང་ངེས་ཡིན་པས་གལ་སྲིད་ལས་དོན་ཡག་པོ་བསྒྲུབས་མེད་ན་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཙན་བཀའ་ཡང་བཏང་ཡོད་འདུག
བཀྲིས་དར་རྒྱས་ལགས་ཀྱི་ལོ་རྒྱུས།
༄༅། །བཀྲིས་དར་རྒྱས་ལགས་ནི་ཕྱི་ལོ་ ༡༩༨༣ ལོར་ཁམས་བྲག་མགོའི་ཡོ་མེས་པུས་གྲོང་དུ་ཕ་ཨ་ལོ་དང་མ་ཚེ་ཁོ་གཉིས་སུ་སྐྱེས། ཆུང་དུས་སློབ་ཆུང་འགྲིམ་པ་དང་། ཕྱིས་སུ་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་ཆོས་སྤྱོད་དང་མཚན་ཉིད་རིགས་པ་སོགས་ལ་སྦྱོང་བརྩོན་གནང་། ད་ལོའི་ཕྱི་ཟླ་ ༡ ཚེས་་༢༣ ཉིན་བྲག་མགོ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་རྗེས་སུ་རྒྱ་གཞུང་གིས་ཞི་རྒོལ་སློང་མཁན་གྱི་གཙོས་གྲས་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བྱེད་དགོས་ངེས་ཀྱི་བཀའ་བཏང་ཡོད་པ་དང་། ཉེ་ཆར་བྲག་མགོའི་རྙི་ཁོག་ལུང་པ་ནས་ཉེན་རྟོག་པས་ལྐོག་སྒུག་བྱས་ཏེ་འཛིན་བཟུང་བྱས་ཏེ། ད་ལྟ་དར་རྩེ་མདོའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག་པ་བཅས། །
ཁམས་བྲག་མགོར་སླར་ཡང་རྒྱ་གཞུང་གིས་འཛིན་བཟུང་དམ་བསྒྲགས་དང་ཁྲིམས་ཐག་གཅོད་བཞིན་པ།
གསར་གནས།
འབྲེལ་གནས།