༢༠༡༢ ཟླ་ ༤ ཚེས་ ༡༨ རེས་གཟའ་ལཧག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༧ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧ་ཝའི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་རྗེས་ཁལ་ལི་ཕོར་ནི་ཡའི་གྲོང་ཁྱེར་སན་ཌིཡ་གོར་(San Diego)ཆིབས་ཞལ་བསྒྱུར་ཏེ་ཁུལ་དེར་ཕྱེད་ཡོལ་ཙམ་ལ་༸ཞབས་སོར་བདེ་བར་འཁོད་སྐབས། གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཇེར་རི་སན་ཌར་མཆོག་(Jerry Sanders)དང་གཞན་ཡང་(San Diego State University)སན་ཌིཡ་གོ་མངའ་སྡེའི་གཙུག་ལག་སློབ་གྲྭ་དང་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ (University of California, San Diego) དེ་བཞིན་སན་ཌི་ཡ་གོའི་གཙུག་ལག་སློབ་གྲྭ་(University of San Diego)བཅས་སློབ་གྲྭ་ཁག་གསུམ་གྱི་འབྲེལ་ཡོད་ལས་བྱེད་རྣམ་པས་༸གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་མགྲོན་ཁང་གི་མདུན་དུ་བོད་མི་ཁག་གཅིག་གིས་མཇལ་ཁ་ཞུས་པ་དང་སྦྲགས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༡༨ ཉིན་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭའི་རྩེད་རར་(University of California, San Diego RIMAC Arena) ༸གོང་ས་མཆོག་གིས་༼གོ་ལའི་གནམ་གཤིས་འགྱུར་འགྲོས་དང་བྱམས་བརྩེ། ཀུན་ཁྱབ་འགན་འཁུར།༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་གནང་མཛད་རྒྱུ་དང། ཡང་དེ་ཉིན་སན་ཌི་ཡ་གོའི་གཙུག་ལག་སློབ་གྲྭའི་ཇེན་ནི་ཀེ་རེག་ཚོགས་རར་ཉིན་རྒྱབ་(University of San Diego Jenny Craig Pavilion) ༼ཞི་བདེ་དང་དྲང་བདེན།༽ ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག
༣༽ཕྱི་ཚེས་ ༡༩ ཉིན་སན་ཌི་ཡ་གོ་མངའ་སྡེའི་གཙུག་ལག་སློབ་གྲྭའི་(San Diego State University Viejas Arena)རྩེད་རྭར། ༼འགྲོ་བ་ཀུན་ལ་ཁྱབ་པའི་བཟང་སྤྱོད་དང་བྱམས་བརྩེའི་ཉམས་ལེན། དུས་རབས་གསར་པའི་ནང་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས།༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློ་སྩལ་གནང་མཛད་རྒྱུ་ཡིན་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲྭ་དེར་ཀླད་ཁམས་ཚན་རིག་དང་ནང་སེམས་ཀྱི་སྐོར་(Neuroscience and the Emerging Mind: A Conversation on Human Consciousness and Compassion)ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་མཉམ་ཞུགས་མཛད་རྒྱུ་ཡིན་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཁུལ་དེའི་མཛད་འཕྲིན་རྣམས་ཏཱ་ལའི་བླ་མའི་མཛད་འཆར་གོ་སྒྲིག་ཚོགས་ཆུང་། ཞེས་པའི་(Dalai Lama San Diego Planning Committee) ཚོགས་པ་དེས་ཉིན་གཉིས་རིང་གི་མཛད་འཆར་རྣམས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་བཅས།།