༢༠༡༢ ཟླ་ ༤ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁལ་ལི་ཕོར་ནི་ཡའི་གྲོང་ཁྱེར་སན་ཌི་ཡ་གོའི་ནང་གི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཏེ་ལོང་བྷི་ཆིར་ (Long Beach) ཆིབས་སྒྱུར་བསྐྱངས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་སན་ཌི་ཡ་གོའི་ནང་གཙུག་ལག་སློབ་གྲྭ་གསུམ་ནས་གོ་སྒྲིག་ཞུས་པའི་བྱམས་བརྩེ་དང་ཞི་བདེའི་སྐོར་བཀའ་སློབ་སྩལ་བ་མ་ཟད། ཚན་རིག་པ་ཁག་གཅིག་དང་ལྷན་བགྲོ་གླེང་ཡང་མཛད་ཡོད། ཕྱོགས་མཚུངས་གསར་འགོད་པ་དང་སློབ་ཕྲུག དེ་བཞིན་མང་ཚོགས་བཅས་ཀྱི་དྲི་བར་བཀའ་ལན་སྩལ་བ་སོགས་ཉིན་གསུམ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་བྱུང་རྗེས། ལོང་བྷི་ཆིར་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༢༡ ཉིན་དཀའ་རྙོག་ཆེ་བའི་དུས་སྐབས་སུ་སེམས་ནང་ཞི་བདེ་སྐྲུན་ཐབས། “Peace of Mind in Troubled Times” ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ༸གོང་ས་མཆོག་གིས་བཀའ་སློབ་རྣམས་མང་ཚོགས་རྣམས་ཀྱིས་དྲ་རྒྱའི་ཐོག་ནས་ཀྱང་ལྟ་ཉན་བྱ་རྒྱུའི་ཆེད་ཐད་ཀར་རྒྱང་སྲིང་ཞུ་རྒྱུ་ཡིན་འདུག་པ་བཅས།།