༢༠༡༢ ཟླ་ ༤ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་གུ་རུའི་གནས་མཆོག་མཚོ་པདྨ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་མགོན་པོ་གང་ཉིད་མཆོག་གིས་གནས་མཆོག་མཚོ་པདྨའི་གཡས་སུ་ཆགས་པའི་ར་ཇ་ ཁིར་ཤིན་དུ་གནས་གཟིགས་མཛད་སྐབས་ལྷན་ཁང་དེའི་བདག་པོས་ཧིན་ཌུའི་ཆོ་གའི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་མཚོ་པདྨའི་གཡོན་དུ་ཆགས་པའི་ (Guru dwara) གུ་རུ་ཌེ་ཝ་རིའི་ལྷ་ཁང་དུ་གནས་གཟིགས་ལ་ཕེབས་སྐབས་ལྷ་ཁང་དེའི་བདག་པོ་སོགས་ ཀྱིས་ཕེབས་བསུ་གཟབ་རྒྱས་དང་སྦྲགས་ལྷ་ཁང་གི་བདག་པོ་རྣམ་དང་སྐུ་པར་ལྷན་ བསྒྲོན་མཛད། དེ་རྗེས་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་འཛི་སྒར་ཨོ་རྒྱན་གླིང་གསར་བཞེངས་གུ་རུའི་གཙུག་ལག་ཁང་གི་བཞུགས་ཁྲིར་ ༸ཞབས་སོར་འཁོད་དེ་རབ་གནས་དང་སྦྱིན་འབེབས་ཀྱི་ཆོ་ག་གསུང་འདོན་མཛད། དེ་ནས་འཛི་སྒར་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་༸གོང་ས་ མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྡུས་པ་བསྟར་འབུལ་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ད་རེས་འགལ་རྐྱེན་ཞིག་འཕྲད་པར་སོང། སྒོ་དབྱེ་འབྱེད་རྒྱུ་དེ་སྟབས་མ་བསྒྲུབས་ཀྱང་ད་རེས་འདིར་བརྟན་བཞུགས་དང་རབ་ གནས་ལེགས་པར་གྲུབ་སྟེ་ཧ་ཅང་ཡག་པོ་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཙོ་བོ་རིན་པོ་ཆེས་གཙོས་རྣམ་པ་ཚོས་ལོ་ནས་ལོ་ བསྟུད་དེ་དཀའ་ལས་བརྒྱབ་པའི་ གྲུབ་འབྲས་རེད། བླ་མ་བགྲེས་སོང་ཁྱེད་རང་དེ་སྔ་ངོས་རང་འདི་གར་ཡོང་སྐབས་ཐེངས་གཅིག་ཐུག་པ་རེད། ཁྱེད་ཀྱིས་འདོད་དོན་ལྟར་བསྟན་པའི་སྲི་ཞུ་བསྒྲུབ་རྒྱུ་ཞིག་ཆགས་པ་རེད། ང་ཚོའི་བསྟན་པའི་སྲི་ཞུ་འདི་ལྟ་བུ་སྒྲུབ་སྐབས་བསྔོ་བ་དང་ཡི་རང་བྱ་རྒྱུ་ཡིན་ ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཏེ་དགོན་པ་དེའི་བླ་མ་དབང་རྡོར་རིན་པོ་ཆེ་མཆོག་དང་མཁན་པོ་ འཕྲིན་ལས་རྡོ་རྗེ་ལགས། མཁན་པོ་བསོད་ནམས་བཀྲིས་ལགས། དེ་བཞིན་སྦྱིན་བདག་ཁག་ལ་མཇལ་ཁ་སྩལ་ཏེ་མཚོ་པདྨའི་རི་ཁྲོད་ལ་གནས་གཟིགས་སུ་ ཆིབས་སྒྱུར་བསྐྱངས་རྗེས་མཚོ་པདྨའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་ བཞུགས་སྒར་རྡ་སར་ཆིབས་ཞལ་བསྒྱུར་ཡོད་པ་བཅས། །
༸གོང་ས་མཆོག་གིས་གནས་མཆོག་མཚོ་པདྨའི་ཉེ་འདབས་སུ་ཆགས་པའི་ཕྱི་ནང་གི་ལྷ་ཁང་དང་སྒྲུབ་ཁང་ཁག་ལ་གནས་གཟིགས་མཛད་པ།
གསར་གནས།
འབྲེལ་གནས།