༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༤ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ནང་༸གོང་ས་མཆོག་གི་དྲང་བདེན་ཐབས་ལམ་གྱི་མཛད་འཕྲིན་སྐོར་ལ་དཔེ་དེབ་དེ་སྔ་དབྱིན་སྐད་ཐོག་ཡོད་པ་(WHY THE DALAI LAMA MATTERS: HIS ACT OF TRUTH AS THE SOLUTION FOR CHINA, TIBET AND THE WORLD)ཞེས་པ་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་བསྒྱུར་དང་པར་སྐྲུན་ཞུས་པ་དེ་ཨ་རི་བ་ནང་ཆོས་མཁས་དབང་དང་ལོ་ཙཱ་བ། དེ་བཞིན་རྩོམ་པ་པོ་གཅིག་ལྕོགས་ཡིན་པ་གཙུག་ལག་སློབ་དཔོན་སྐུ་ཞབས་རོ་བྷ་ཌ་ཐུར་མན་Prof. Robert Thurman ལགས་ཀྱིས་རེ་ཌི་སན་མགྲོན་ཁང་དུ་Radisson Hotelདབུ་འབྱེད་གནང་ཡོད། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་དེ་བཞིན་རྒྱལ་ས་མོ་སི་ཀོའི་ནང་རྟེན་གཞི་བྱས་པའི་བོད་སྐྱོབས་ཐེབས་རྩ་དང། ཨུ་རུ་སུའི་སྐུ་ཚབ་དོན་ཁང་ཟུང་འབྲེལ་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག སྐབས་དེར་སྐུ་ཞབས་རོ་བྷ་ཌ་ཐུར་མན་ལགས་ཀྱིས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་ཞི་བདེའི་དོན་མཚན་ལྔ་རེ་རེ་བཞིན་བཀླགས་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་འགྲོ་བ་མི་རིགས་སྤྱིའི་བདེ་དོན་ལ་དགོངས་ཏེ་སྐུ་ངལ་འཛེམས་མེད་ཐོག་ཐུགས་བརྩོན་མཛད་བཞིན་ཡོད་སྐོར་གསལ་བཤད་ཀྱང་གནང་ཡོད། ཕྱོགས་མཚུངས་སྐབས་དེར་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་སྐུ་ཞབས་རོ་བྷ་ཌ་ཐུར་མན་ངོ་སྤྲོད་གནང་ཡོད། གཞན་ཡང་སྐབས་དེར་ཁལ་མུཀ་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་དཔེ་དེབ་དེ་བཞིན་དུས་རབས་ ༢༡ ནང་གལ་ཆེ་ཆུང་ཇི་འདྲ་ཆགས་ཡོད་སྐོར་དང་སྐུ་ཞབས་རོ་བྷ་ཌ་ཐུར་མན་ལགས་ཀྱིས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཆེད་ཞབས་འདེགས་ཇི་འདྲ་ཞུས་ཡོད་པ་སོགས་ངོ་སྤྲོད་གནང་ཡོད། དཔེ་དེབ་དེ་ཨུ་རུ་སུའི་སྐད་ཡིག་ནང་ཕབ་བསྒྱུར་གནང་མཁན་ལྕམ་སྐུ་ན་ཏ་ཤ་ཨི་ནོ་ཛེམ་ཏེ་སེ་ཝ་Ms. Natasha Inozemtseva ལགས་ཡིན་པ་དང། དཔེ་དེབ་འགྲེམས་སྤེལ་གནང་མཁན་བོད་སྐྱོབས་ཐེབས་རྩ་ཡིན་འདུག་པ་བཅས།།