༢༠༡༢ ཟླ་ ༤ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་སའི་ནོར་གླིང་ཉེ་འགྲམ་དུ་ཆགས་པའི་འཆི་མེད་དགའ་ཚལ་གླིང་དགོན་དུ་བཀའ་བརྒྱད་ཀྱི་བཀའ་དབང་སྩལ་ཡོད།
དེ་ཉིན་སྔ་དྲོ་བཀའ་བརྒྱད་ཀྱི་བཀའ་དབང་གི་སྒྲུབ་ཞག་སྔོན་དུ་མཛད་ནས་ཆུ་ཚོད་ ༡༢ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རྒྱན་སྤྲུལ་སྐུས་སྤོས་སྣེས་མངོན་བསུས་ཏེ་འདུ་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་ཆོས་རིག་བཀའ་བློན་མཆོག་དང་། དཔལ་འབྱོར་བཀའ་བློན་མཆོག བདེ་སྲུང་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག ཁམས་སྤྲུལ་རིན་པོ་ཆེ་མཆོག སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག འོད་ཟེར་རྡོ་རྗེ་རིན་པོ་ཆེ་མཆོག རིས་མེད་བླ་སྤྲུལ་དང་མཁན་ཟུར་ཁག་གཅིག དགོན་དེའི་སྦྱིན་བདག་ཐེ་ཝན་དང་ཉི་ཧོང་། དེ་བཞིན་ཉེ་འཁོར་གྱི་དགོན་སྡེ་ཁག་དང་མི་མང་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༤༠༠༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་ཁམས་སྤྲུལ་རིན་པོ་ཆེའི་བྱེས་ཀྱི་གདན་ས་འགོ་སྟོད་རིན་པོ་ཆེ་ངེད་གཉིས་སྐད་ཆ་བྱུང་བ་རེད། དགོན་པ་འདི་འདྲ་ཞིག་བརྒྱབ་དང་མ་བརྒྱབ། ངོས་ཀྱིས་མོ་བརྒྱབ་སྟེ་བརྒྱབ་ན་ཡག་པ་འདུག་ཅེས་རིན་པོ་ཆེའི་དད་པ་ཅན་གྱི་སློབ་མས་ཕྱག་རོགས་ཞུས་ཏེ་སྒོ་འབྱེད་དེ་ལོ་སྔོན་མར་བྱས་པ་རེད། དེ་རིང་འདིར་ཆོས་འབྲེལ་གསང་བ་རྒྱ་ཅན་ནང་གི་ཆོས་གཞུང་ཞིག་བྱུང་ན་ཞེས་སྐད་ཆ་བྱུང་། བཀའ་བརྒྱད་སྤྱི་འདྲིལ་ཞི་ཁྲོ་རྣམ་གྲོལ་གསང་བ་རྒྱ་ཅན་ནང་བཀའ་བརྒྱད་དེ་འདྲ་ཞིག་ཡོད། དེ་རིང་འདིར་ཁྱེད་རང་ཚོས་དཀྱིལ་འཁོར་ཆ་ཚང་བཞེངས་གྲུབ་སྟེ་སྤུས་དག་པོ་ཞིག་བྱུང་འདུག དེ་དང་འབྲེལ་བའི་ངོས་ཀྱིས་དབང་བསྐུར་བྱ་རྒྱུ་ཡིན། ཁམས་སྤྲུལ་རིན་པོ་ཆེའི་སྐུ་ཚེ་མང་པོ་ཞིག་གི་རིང་༸རྒྱལ་བ་གོང་མ་ཚོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་གསལ་པོ་རེད། དགུང་ལོ་ཡར་ཕེབས་ཏེ་སྐུ་གཟུགས་སྐྱོ་པོ་རེད། འདིར་བཀའ་བརྒྱད་དབང་བསྐུར་རྒྱུའི་གོ་སྐབས་བྱུང་བར་ངོས་རང་སྐལ་པ་བཟང་པོ་བྱུང་། ཆོས་ཞུ་བ་གཙོ་བོ་རིན་པོ་ཆེའི་སློབ་མའི་གྲས་ཐེ་ཝན་ནས་གང་ཙམ་དང་།
དེ་བཞིན་ཡུལ་ལུང་འདྲ་མིན་ནས་འགའ་ཤས་སླེབས་འདུག འཆར་ཅན་ངོས་ཀྱིས་བཀའ་ཆོས་བྱེད་སྐབས་མི་མང་པོ་འཛོམས་ཀྱི་འདུག ཕྱོགས་གཅིག་ནས་ང་ཚོ་དུས་ཚོད་སྐྱོ་པོ་ཞིག་སྟེང་གནས་ཡོད། ང་ཚོ་བཙན་བྱོལ་བའི་ཕྱོགས་ནས་བཤད་ན། ཐོག་མར་ང་ཚོ་རྒྱ་གར་ལ་འབྱོར་སྐབས་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད། འོན་ཀྱང་ང་རང་ཚོ་ཚང་མ་ལྷག་བསམ་རྣམ་དག་ཐོག་གཡོ་སྒྱུ་ངོ་ལྐོག་མེད་པ་དྲང་པོ་དྲང་ཤག་བྱས་ཏེ་ད་བར་མི་ཚེ་བསྐྱལ་བ་རེད། གཙོ་ཆེ་ཤོས་ང་ཚོའི་མེས་པོ་ཚོའི་ཕྱག་རྗེས་སངས་རྒྱས་ཀྱི་ཆོས་དེ་ཡང་བླ་མ་གཅིག་དང་ཆོས་བརྒྱུད་གཅིག་མ་ཡིན་པ་དཔལ་ནཱ་ལེནྡྲ་ནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཡོངས་སུ་རྫོགས་པ། བོད་གངས་ཅན་ལྗོངས་སུ་ཚུགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་དང་དེར་དད་པ་དང་ཡིད་ཆེས་བྱས་ཏེ་འགྲོ་རྒྱུ་མ་ཡིན་པ་རིག་པའི་སྒོ་ནས་གཏན་ལ་ཕབ་པའི་ནང་པ་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་བ་ཞིག་ཡོད། ཅེས་སོགས་དང་། ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་འདིར་རིས་སུ་མ་ཕྱེ་པའི་རྒྱལ་བའི་བསྟན་པ་གོང་འཕེལ་ཡོང་རྒྱུའི་ཞབས་འདེགས་ཕྲན་བུ་ཞིག་སྒྲུབ་ཐུབ་ན་བསམ་བྱུང། ༸གོང་ས་ལྔ་པ་ཆེན་པོ་བོད་གཞུང་དགའ་ལྡན་ཕོ་བྲང་ཐོག་མར་དབུ་འཛུགས་གནང་མཁན་དེ་ཆགས་ཡོད། གསང་བ་རྒྱ་ཅན་གྱི་ཆོ་ག་དེ་དག་༸རྒྱལ་དབང་གི་ཕ་ཆོས་ལྟ་བུ་རེད། ངོས་རང་འདིར་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱེད་མཁན་རེད། ༸གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབང་ལུང་དབུ་འཛུགས་གནང་བ་དེ་ངོས་སྐུ་གོང་མའི་སྐྱེ་ཕྲེང་འཛིན་མཁན་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་ལོ་བཞི་བརྒྱ་མ་ཟིན་ཙམ་རིང་གི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་གི་གཞུང་དེ་ཕྱིར་བསྡུ་བྱས་པ་ཡིན། འདོད་རུང་མ་འདོད་རུང་དངོས་ཡོད་གནས་ཚུལ་ལ་བླ་མས་དབང་བསྒྱུར་བྱེད་པའི་དུས་ཚོད་ཡོལ་བ་རེད།
གང་ལྟར་ང་ཚོ་ཆོས་ཕྱོགས་ཐོག་ནས་བཤད་པ་ཡིན་ནའང་སེམས་ཅན་ཐམས་ཅད་ཅེས་བརྗོད་ཀྱི་རེད་མ་གཏོགས་སེམས་ཅན་ཉུང་ཤས་ཀྱི་ཁེ་ཕན་སངས་རྒྱས་ཀྱི་ཆོས་ནས་ཤོད་ཀྱི་མེད། མཐོང་ཆོས་སུ་འཛམ་གླིང་བདག་པོ་འཛམ་གླིང་མི་མང་རེད་མ་གཏོགས་བླ་མ་དང་། དཔོན་པོ། རྒྱལ་པོ། རྒྱལ་མོ་མ་རེད། འཛམ་གླིང་འདི་འཛམ་གླིང་མི་མང་ལ་དབང་བ་ལྟར། ཡུལ་གྲུ་སོ་སོ་ཡུལ་གྲུ་སོ་སོའི་མི་མང་ལ་དབང་ཡོད་པ་མ་གཏོགས་དཔོན་པོ་དང་། རྒྱལ་པོ། བླ་མ་བཅས་ལ་དབང་མེད། སྔར་ལོ་སུམ་བརྒྱ་བཞི་བརྒྱའི་གོང་གི་གནས་ཚུལ་ཁག་ཁག་རེད། ད་ལྟ་དུས་རབས་ཉེར་གཅིག་ནང་སླེབས་ཡོད། ལུང་པ་འདི་དང་དེ་མི་མང་ལ་དབང་བ་ཡིན་སྟབས། མི་མང་གི་བདག་པོ་རྒྱག་སྟངས་དེ་འོས་བསྡུའི་ལམ་ནས་མི་མང་གིས་སྤྱི་མོས་ཐོག་ནས་འོས་ཐོབ་པའི་མི་དེས་འགན་འཁྱེར་ཏེ་ལྟ་སྐྱོང་བྱེད་དགོས། དེ་ཡང་མི་མང་གི་འོས་བསྡུ་བྱས་ནས་སླེབས་པ་ཡིན་དུས་གནས་ཚུལ་ག་རེ་ཡིན་ཡང་། མི་མང་ལ་གོ་བསྡུར་བྱེད་རྒྱུ་དང་མི་མང་ལ་ཁུངས་སྐྱེལ་རྒྱུ་ཞིག་དགོས། ང་རྒྱལ་པོ་དང་བླ་མ་ཡིན། ང་དབང་ཆེ་ཤོས་ཡིན་ཟེར་བའི་སྐད་ཆ་དེ་མེད། ཡུལ་ཁམས་གང་དང་གང་ཡིན་ཡང་མི་མང་ལ་དབང་ཡོད་པར་བརྟེན། མི་མང་གིས་མང་གཙོའི་ལམ་ནས་བསྐོ་གཞག་བྱས་པའི་དཔོན་པོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་༸གོང་ས་ལྔ་པ་ཆེན་པོས་ལོ་བཞི་བརྒྱ་ཙམ་གྱི་གོང་དེའི་ཚེ་དེའི་དུས་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་པ་རེད། དུས་རབས་ཉེར་གཅིག་ནང་དངོས་ཡོད་ལ་གཞིགས་ཏེ་ངོས་ཀྱིས་ཕྱིར་བསྡུ་བྱས་པ་ཡིན། ༸གོང་ས་ལྔ་པ་ཆེན་པོས་བཙུགས་གནང་བ་དེ་ངོས་ཀྱིས་གཏོར་བཤིག་བཏང་བ་མ་རེད། ༸གོང་ས་ལྔ་པ་ཆེན་པོས་དེའི་ཚེ་དེའི་དུས་དངོས་ཡོད་དང་མཐུན་པའི་མཛད་རྗེས་ཤིག་ཡོད་པ་དེ་ངོས་ཀྱིས་ད་ལྟའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་འགྱུར་བ་བཏང་བ་ཡིན། གང་ལྟར་བོད་སྤྱི་པའི་བདེན་དོན་ལ་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་འདི་བརྟན་དུ་བཏང་ཡོད། སྒྲིག་འཛུགས་འདི་སྲ་བརྟན་ཕུགས་འཕེར་བཟོ་གི་ཡོད་པ་མ་གཏོགས་ཤུགས་ཆུང་དུ་བཏང་བ་མ་རེད། འདིར་རིན་པོ་ཆེར་ཆ་བཞག་ན།
རྩ་བའི་རྙིང་མའི་ཆོས་བརྒྱུད་ཉམས་བཞེས་གནང་མཁན་ཞིག་དང་། དེ་དང་ཆབས་ཅིག་ཆོས་བརྒྱུད་གཞུང་མང་པོ་ཉམས་བཞེས་གནང་མཁན་ཞིག་ཡིན་སྟབས། འདིར་དབང་འབུལ་རྒྱུའི་གོ་སྐབས་བྱུང་བར་སྐལ་བ་བཟང་པོ་ཡིན། ཞེས་བཀའ་སློབ་སྩལ་རྗེས་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཐོག་མཐའ་བར་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་དམ་པའི་སྙིང་ནོར་ཞེས་པའི་ཆོས་འབྲེལ་དང་བཀའ་བརྒྱད་བཀའ་དབང་གི་སྟ་གོན་དབུ་འཛུགས་བསྐྱངས་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཉེ་ཆར་ཕྱི་ཚེས་ ༣༠ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བསྟན་པ་དར་རྒྱས་ལགས་དང་། དགེ་འདུན་པ་འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གཞུང་གི་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་བཏང་བར་ཁོང་གཉིས་ཀྱི་གཙོས་ད་བར་གཞིས་བྱེས་གཉིས་སུ་གནས་པའི་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཆེད་བླ་ཆེན་དང་གྲྭ་བཙུན་འདུས་ཚོགས་སུ་ཆོས་རིག་བཀའ་བློན་མཆོག་གིས་ངོ་སྤྲོད་གསུང་བཤད་དང་འབྲེལ་སྐྱབས་ཐོ་སྒྲོགས་སྦྱང་གི་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་ཡོད། ཕྱི་ཚེས་ ༥ ཉིན་དངོས་གཞིའི་བཀའ་བརྒྱད་བཀའ་དབང་དང་། ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས།