༢༠༡༢ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོ་དགུང་གྲངས་ ༧༢ སོན་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་བྷི་རི་ཆི་བཧུ་ཤན་མཆོག་ Brij Bhushan Tiwari ལྡི་ལིར་རྟེན་གཞི་བྱས་པའི་Babu Jagjeevan Ram Hospital, Delhi བྷ་བྷུ་ཇག་ཇི་ཝན་རམ་སྨན་ཁང་དུ་སྙིང་རྩའི་ཁྲག་ལམ་འགག་སྟེ་འདས་གྲོངས་སུ་གྱུར་བར་བོད་མིའི་སྒྲིག་འཛུགས་ཀྱིས་བློ་ཕམ་ཆེན་པོའི་ཐོག་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང། དམ་པ་ཁོང་ནི་ས་མཱ་ཇི་ཝ་དིའི་ Samajwadi party ཆབ་སྲིད་དབུ་ཁྲིད་ཀྱི་འགན་ཁུར་ཐོག་རྒྱ་གར་དབུས་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་སྐབས་ལྔའི་རིང་འགན་ཁུར་ཞེས་མྱོང་ཡོད་འདུག དམ་པ་ཁོང་གྲོས་ཚོགས་འོག་མར་ཕྱི་ལོ་ ༡༩༧༧ ལོར་ཐོག་མར་འོས་འདེམས་བྱུང་རྗེས་ཕྱི་ལོ་ ༢༠༠༦ ནས་གྲོས་ཚོགས་གོང་མའི་ནང་ཐེངས་གཉིས་འོས་འདེམས་བྱུང་ཡོད།
དམ་པ་ཁོང་ནི་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་མ་ཟད། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ (INPAT) གྱི་ཚོགས་མིའང་ཡིན་འདུག དམ་པ་ཁོང་གིས་དེ་སྔ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་ཨི་ཊཱ་ལིའི་རྒྱལ་ས་རོམ་གྱི་ནང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་དང་ལྔ་པ་སོ་སོར་ལྷན་ཞུགས་་གནང་ཡོད་པ་དང། གཞན་ཡང་འདི་ཟླའི་ཚེས་ ༢༦ ནས་ ༢༩ རིང་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་བར་ Ottawa ཚུགས་རྒྱུའི་ཚོགས་འདུར་ཡང་ཕེབས་འཆར་ཡོད་འདུག དམ་པ་ཁོང་གིས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་བཀའ་བློན་ཁྲི་པའི་དམ་འབུལ་གྱི་མཛད་སྒོའི་སྐབས་སུའང་ལྷན་ཞུགས་གནང་བ་མ་ཟད། བོད་དོན་དང་འབྲེལ་བའི་ཚོགས་འདུ་དང་ལས་གཞི་སོགས་ཀྱི་ནང་དུ་འགན་ཁུར་ཆེན་པོས་ཆ་ཤས་ལེན་མྱོང་མཁན་ཞིག་ཡིན་པར་བརྟེན་། བོད་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་མིའི་འཐབ་རྩོད་ལ་སེམས་ཐག་ཉེ་པོས་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་བློས་ཐུབ་གཅིག་མེད་པར་གྱུར་བར་ཧ་ཅང་བློ་ཕམ་ཞུ་རྒྱུ་ཡིན། དམ་པ་ཁོང་གི་སྐུ་ཟླ་དང་ཕྲུ་གུ་བུ་གཉིས་དང་བུ་མོ་གཉིས་བཅས་ལྷན་རྒྱས་འཚོ་གནས་ཡོད་པ་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ཨཱ་ཅརྱཱ་ཡེ་ཤེ་ཕུན་ཚོགས་ལགས་དང་ཧིན་བོད་འབྲེལ་འཐུད་པ་བསྟན་འཛིན་ནོར་བུ་ལགས། དེ་བཞིན་ལྡི་ལི་མན་ཆུ་ཊི་ལའི་ས་གནས་འགོ་འཛིན་བཅས་ཀྱིས་སྨན་ཁང་དང་ས་མཱ་ཇི་ཝ་དིའི་ཆབ་སྲིད་ཚོགས་པའི་ལས་ཁུངས་ཨ་མར་ཆེད་བཅར་ཞུས་ཏེ་བོད་མི་ཚང་མའི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེ་ཞུས་ཡོད་པ་བཅས།།