༢༠༡༢ ཟླ་ ༤ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ ཉིན་ཁམས་བྲག་མགོའི་དགེ་འདུན་པ་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ཟླ ༡ ཚེས ༢༤ ཉིན། ཤིན་ཧྭ་དྲ་བའི་རྒྱ་ཡིག་ལེ་ཚན་དུ་བཀོད་པ་ལྟར་ན། ངོ་རྒོལ་བ་རྣམས་ཀྱིས་ཉེན་རྟོག་པའི་རླངས་འཁོར་གཉིས་དང། མེ་གསོད་རླངས་འཁོར་གཉིས། ཚོང་ཁང་། དངུལ་ཁང་བཅས་གཏོར་བཅོམ་བྱས་པར་མ་ཟད། ད་དུང་ཉེན་རྟོག་པ་ལྔ་ལ་རྨས་སྐྱོན་བཏང་བར་བརྟེན་བྲག་མགོ་རྫོང་ཐོག་ཏུ་ཞི་རྒོལ་བའི་རྣམ་པ་དེ་ནི་དྲག་པོའི་སྦྱོར་བ་ཁོ་ན་ཡིན་པར་ཁྱབ་བསྒྲགས་བྱས་འདུག་པ་དང། ཡང་སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་དཔྱད་བརྗོད་པ་དག་གིས་བྲག་མགོ་རྫོང་གི་དོན་རྐྱེན་དེ་ནི་སྔོན་ཚུད་ནས་ངན་བྱུས་བཤམས་ཤིང་གྲ་སྒྲིག་ཡོད་པའི་དྲག་སྤྱོད་ཅིག་ཡིན་ཞེས་ཕྱི་ཟླ ༡ ཚེས ༢༥ ཉིན་བྷི་བྷི་སིའི་གསར་ཁང་གིས་ཤིན་ཧྭ་དྲ་བ་ལས་ལུང་འདྲེན་བྱས་འདུག
ཕྱི་ཟླ ༢ ཚེས ༡༡ ཉིན་གྱི་ཁམས་པའི་ཚགས་པར་དུ་ཕྱི་ཟླ ༢ ཚེས ༥ ཉིན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལེའུ་ཏའོ་ཕིང་གིས་མངགས་བཅོལ་ལྟར་བྲག་མགོ་རྫོང་དུ་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་སློང་ཚོགས་ཆེན་ཟེར་བའི་ཚོགས་འདུ་ཚོགས་ཏེ། བྲག་མགོ་རུ་ཟླ་བ་དང་པོའི་ཚེས ༢༣ ཉིན་ལ་དོན་རྐྱེན་བྱུང་བ་དེ་ནི་ཉེས་ཅན་ཉུང་ཤས་ཤིག་ལ་ཕྱི་ཕྱོགས་ཀྱི་ཁ་བྲལ་སྟོབས་ཤུགས་ཀྱིས་མགོ་སྐོར་བསླུ་བྲིད་དང་བཀོད་པ་བཏང་ནས་ངན་བྱུས་སྔོན་འགོད་དང་རྩ་འཛུགས་ཀྱིས་མི་རིགས་ཁ་བྲལ་དང་རྒྱལ་ཁབ་ཁ་འཐོར་དུ་གཏོང་བའི་རྡུང་གཅོག་འཕྲོག་གསུམ་གྱི་དྲག་ཤུགས་ཚབས་ཆེན་ཡིན་ལུགས་བཤད་ཅིང། ཚོགས་འདུའི་ཐོག་ཕྱི་ཟླ ༤ ཚེས ༣༠ བར་བྲག་མགོ་རྫོང་གི་དགོན་སྡེ་ཁག་དང་ཞིང་འབྲོག་མི་མང་རྣམས་ལ་ཕྱོགས་ཡོངས་ནས་དམ་བསྒྲགས་ནན་པོ་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་རྒྱུ་ཡིན་ལུགས་བསྒྲགས་ཡོད། ད་དུང་ཉེ་ཆར་བོད་ནས་འབྱོར་བའི་གདན་སའི་སྐུ་ཞབས་གཉིས་ཀྱིས་བརྗོད་དོན་ལྟར་ན། བྲག་མགོ་རུ་ཞི་རྒོལ་བྱུང་བའི་རྗེས་དཀར་མཛེས་ཁུལ་གྱི་དགོང་མོའི་བརྙན་འཕྲིན་དུ་བྲག་མགོའི་མི་མང་གི་ངོ་རྒོལ་བརྙན་པར་བརྒྱབ་པའི་བརྙན་འཕྲིན་ཚན་པ་ཞིག་བསྐྱར་ཟློས་བྱས་ཏེ། མི་མང་རྣམས་ཀྱི་བློ་ཁ་འགུག་ཐབས་དང། དངོས་ཡོད་རྫུན་སྒྲིག་གི་གནས་ཚུལ་སྤེལ་བཞིན་ཡོད་འདུག
དེ་ཡང་ངོ་རྒོལ་བ་རྣམས་ཀྱིས་རྫོང་གི་ཁྲོམ་གཞུང་ནས་ཞི་བའི་གོམ་འགྲོས་བྱེད་སྐབས། ཉེན་རྟོག་པས་ངོ་རྒོལ་བ་རྣམས་ཀྱི་སྟེང་མིག་ཆུ་དུག་རླངས་གཏོར་ཏེ་ངོ་རྒོལ་བ་རྣམས་ཁ་འཐོར་དུ་བཏང་བའི་རྣམ་པ་དང། ཡང་ངོ་རྒོལ་བ་རྣམས་ཀྱིས་རྫོང་སྲིད་གཞུང་དང་རྫོང་ཉེན་རྟོག་ལས་ཁུངས་གཉིས་ཀྱི་རླངས་འཁོར་གཏོར་བཅོམ་བཏང་བའི་རྣམ་པ་བཅས་བསྟན་པ་ལས། ངོ་རྒོལ་བ་རྣམས་མེ་མདས་བསད་རྨས་བྱས་པའི་གནས་ཚུལ་ཅུང་ཙམ་ཡང་སྟོན་གྱི་མི་འདུག་ཅེས་དང། ཡང་ཤིན་ཏུ་དགོད་བྲོ་བ་ཞིག་ལ། རྫོང་གི་འགྲིམ་འགྲུལ་གཞུང་ལམ་གཡས་གཡོན་གྱི་ཉེན་རྟོག་པའི་ལྕགས་ཀྱི་ལྟ་སྲུང་ཁང་རྣམས་རྒྱ་དམར་རང་གིས་ལྗིད་འདེགས་འཕྲུལ་འཁོར་གྱིས་བཀྱགས་ནས་རྫོང་གི་ཁྲོམ་གཞུང་དཀྱིལ་དུ་ཡོད་པའི་རྒྱུག་ཆུའི་ཟམ་པའི་འོག་ཏུ་གཡུགས་ཏེ་དེ་རྣམས་ངོ་རྒོལ་བ་རྣམས་ཀྱིས་གཡུགས་པ་ཡིན་ཟེར་བ་སོགས་ཀྱི་སྒྲོ་སྐུར་བྱེད་ཅིང། རྫོང་གི་དངུལ་ཁང་གཏོར་བཅོམ་བྱས་ཏེ་བརྐུ་ཇག་བྱས་འདུག་ཟེར་བ་སོགས་ཀྱི་བཅོས་མའི་བརྙན་འཕྲིན་བསྟན་ཏེ། བྲག་མགོའི་ཞི་རྒོལ་ནི། སྔོན་ཚུད་ནས་ངན་བྱུས་བཤམས་ཤིང་གྲ་སྒྲིག་ཡོད་པའི་དྲག་པོ་ཁོ་ནའི་སྦྱོར་བ་དང། དངུལ་དངོས་བཙན་འཕྲོག་དང་རྐུ་ཇག་གི་ལས་ཀ་ཡིན་པའི་འགྲེལ་བཤད་བྱེད་བཞིན་ཡོད་འདུག མི་མང་རྣམས་ཀྱིས་དངུལ་ཁང་གཏོར་བཅོམ་བཏང་བ་ནི། ངོ་རྒོལ་བ་རྣམས་རྫོང་ཉེན་རྟོག་ལས་ཁུངས་མདུན་དུ་ཞི་བའི་གོམ་འགྲོས་བྱེད་སྐབས། ཉེན་རྟོག་པ་རང་ཉིད་ཀྱིས་གཡོ་བྱུས་བཀོད་དེ་བོད་མིའི་ཞི་བའི་ངོ་རྒོལ་དྲག་པོའི་ངོ་རྒོལ་དུ་རྫུན་སྒྲིག་བྱ་ཕྱིར་གཏོར་བཅོམ་བཏང་བ་ཞིག་རེད་ཅེས་བརྗོད།
རྒྱ་དམར་གཞུང་གིས་བྲག་མགོའི་མི་མང་གི་ཞི་བའི་ངོ་རྒོལ་ཕམ་ཉེས་དང་རྩིས་མེད་རྡོག་རོལ་དུ་གཏོང་ཕྱིར་གོང་གི་རྫུན་སྒྲིག་གི་ཟློས་གར་དང་བཅོས་མའི་འགྲེལ་བཤད་དེ་དག་བྱས་པ་ཡིན་ལ། རྫུན་མའི་སྐད་ཆ་དེ་དང་བཅོས་མའི་རྣམ་འགྱུར་དེ་དག་ནི་བོད་མིའི་མི་ལོ་ལྔ་བཅུ་ལྔ་གསུམ་རིང་གི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་འགྲེལ་བཤད་རྒྱག་སྟངས་གཅིག་རྐྱང་པ་དང། ཟློས་གར་འཁྲབ་ཚུལ་གཅིག་རྐྱང་པ་ཉག་གཅིག་ཚུལ་ཡིན་ཞིང། གནད་དོན་དེ་དག་གིས་རྒྱ་དམར་གཞུང་འུ་ཐུག་སྟེ་ཁོ་པ་ཚོར་དེ་མ་གཏོགས་ཚུལ་མཐུན་གྱི་ཡ་ལན་འདེབས་རྒྱུ་མེད་པ་གསལ་སྟོན་བྱས་པ་ཞིག་ཡིན་པ་བཅས། །
བྲག་མགོའི་མི་མང་གི་ཞི་རྒོལ་ལ་རྒྱ་དམར་གཞུང་གིས་འཁྱོག་བཤད་བྱས་པ།
གསར་གནས།
འབྲེལ་གནས།