༢༠༡༢ ཟླ་ ༤ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །འདི་གར་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ ཉིན་ཁམས་བྲག་མགོའི་དགེ་འདུན་པ་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། དགེ་བཤེས་བསྟན་འཛིན་དཔལ་བཟང་ངམ་(བསྟན་དགའ་)ལགས་ནི། ཕྱི་ལོ་ ༡༩༦༥ ལོར་བྲག་མགོ་ནོར་བ་རུ་ཕ་དོན་འགྲུབ་བཀྲ་ཤིས་དང་མ་བདེ་དབང་གཉིས་སུ་འཁྲུངས་ཤིང་། ཆུང་དུས་ས་གནས་སློབ་ཆུང་འགྲིམས་ཏེ་རྒྱ་བོད་ཀྱི་ཡིག་རིགས་ལ་སྦྱང་པ་གནང་། དེ་རྗེས་བྲག་མགོ་དགོན་པའི་ཆོས་སྒོར་ཞུགས་ཏེ་དགོན་དེའི་སྒྲིག་འོག་ནས་འདོན་ཆོས་སོགས་ལ་ལེགས་པར་སྦྱང་པ་གནང་འདུག ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། སྔ་ཕྱིར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་ཞིང་ཕྱི་ལོ་ ༢༠༠༩ ལོར་དགེ་བཤེས་ཀྱི་མཚན་རྟགས་བཞེས། ལོ་དེར་ཕྱིར་རང་ཡུལ་ལ་ཕེབས་ཏེ་བྲག་མགོ་དགོན་པའི་ཕྱི་ནང་གི་ལས་དོན་རྒྱ་ཆེར་གནང་ཞིང་ད་ལྟ་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པའི་ཐུགས་འགན་བཞེས་བཞིན་འདུག
ཉེ་ཆར་བྲག་མགོའི་མང་ཚོགས་ཀྱིས་ཞི་རྒོལ་བྱས་རྗེས་ད་བར་བྲག་མགོའི་སེར་སྐྱ་གང་མང་འཛིན་བཟུང་བཀག་ཉར་དང་ཁྲིམས་གཅོད་ནན་པོ་གཏོང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༤ ཚེས་ ༢ ཉིན་བྲག་མགོ་རྫོང་གི་ཉེན་རྟོག་པར་ཐེ་གཏོགས་གང་ཡང་མེད་པར་གོང་རིམ་ཞིང་ཆེན་དང་ཁུལ་ནས་དམག་མི་དང་ཉེན་རྟོག་པ་ཆེད་མངགས་གཏོང་བྱས་ཏེ། ད་ལོར་བྲག་མགོར་བྱུང་བའི་ཞི་རྒོལ་བ་རྣམས་ལ་གོ་སྒྲིག་བྱེད་མཁན་གཙོ་བོར་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་ས་གནས་གང་དུ་ཁྲིད་མིན་དང་བཙོན་ཁང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མེད་པ་བཅས། །
བྲག་མགོའི་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་ཀྱི་ལོ་རྒྱུས།
གསར་གནས།
འབྲེལ་གནས།