༢༠༡༢ ཟླ་ ༤ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༨ ཉིན་སྔ་དྲོ་ཆུ་ཚོད་ ༩།༤༥ བཀའ་ཁྲི་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་མཛད་སྒོར་གསུང་བཤད་གནང་གྲུབ་མཚམས་བོད་པའི་གསར་འགོད་པ་ཁག་གཅིག་གིས་སྐྱབས་བཅོལ་ལག་དེབ་ལོ་གཅིག་ནས་ལོ་ལྔར་འཕར་འགྱང་ཡོང་ཐབས་གནང་ཡོད་པར་བཀའ་ཤག་ངོས་ནས་འབད་བརྩོན་གང་ཞིག་གནང་ཡོད་སྐོར་བཀའ་ཁྲི་མཆོག་ལ་བཅར་འདྲི་ཞུས་པ་གཤམ་གསལ།
དྲི་བ། བཀའ་ཁྲི་མཆོག་གིས་སྐྱབས་བཅོལ་ལག་དེབ་ལོ་ལྔ་འཕར་འགྱངས་བྱའི་རྒྱུ་ཆ་རྐྱེན་བཞི་ཡོད་གསུངས་སོང་བས་དེ་དག་གང་དང་གང་ཡིན་ནམ།
ལན། བོད་པ་བཙན་བྱོལ་དུ་སླེབས་ནས་ལོ་ཉི་ཤུ་འཁོར་བ་དང་། དུས་རྒྱུན་ལོ་གཅིག་ནང་འཕར་འགྱང་གནང་དགོས་ཀྱི་ཡོད་པ་དེ་དག་ལོ་ལྔ་འཕར་འགྱང་གནང་རྒྱུར། རྒྱ་གར་གཞུང་ནས་ཁས་ལེན་གནང་ཡོད། འོན་ཀྱང་ཆ་རྐྱེན་དང་པོ། འཛིན་སྐྱོང་ནས་རྒྱབ་གཉེར་ཞུ་དགོས་ཀྱི་ཡོད། གཉིས་པ། ཡ་རབས་སྤྱོད་བཟང་དང་རྒྱབ་གཉེར་གྱི་གནས་སྟངས་ལ་གཞིགས་པའི་ཐོག་ནས་བྱ་རྒྱུ་རེད། སྐྱབས་བཅོལ་བ་ཡིན་པ་ཞིག་དགོས་ཀྱི་ཡོད། དེ་བཞིན་ས་གནས་ཀྱི་ཁྲིམས་དང་མཐུན་པ་ཞིག་དགོས་ཀྱི་ཡོད། གཞི་རྩའི་རྒྱ་གར་ནང་སྲིད་ལས་ཁུངས་ནས་བཀོད་ཁྱབ་ས་གནས་ཚང་མར་བཏང་བ་མ་ཟད། དམིགས་བསལ་ས་གནས་(FRO)ལས་ཁུངས་བཏང་ཡོད། འོན་ཀྱང་ས་གནས་ས་ཐོག་ཏུ་འབྱོར་མི་འདུག ས་གནས་སུ་འབྱོར་རྗེས་གཞི་ནས་ས་གནས་(FRO)ལས་ཁུངས་ཀྱིས་རྒྱབ་གཉེར་དེ་འདྲ་ཞིག་དགོས་ཀྱི་འདུག་ཅེས་འགྲོ་སྟངས་འགྲོ་ལུགས་ཤིག་གཏན་འཁེལ་ཡོང་གི་རེད། དེ་རྗེས་སྐྱབས་བཅོལ་ལག་དེབ་ལོ་ལྔ་འཕར་འགྱང་བྱ་རྒྱུའི་འགྲོ་སྟངས་ཤིག་ཡོང་གི་རེད། ད་ཐེངས་ངས་རེ་འདུན་ཞུ་རྒྱུར། བོད་མི་སང་ཉིན་གནངས་ཉིན་སྐྱབས་བཅོལ་ལག་དེབ་དུས་ཚོད་རྫོགས་འགྲོ་གི་ཡོད་ན། (FRO)ལས་ཁུངས་ལ་ཕེབས་ཏེ་ངའི་སྐྱབས་བཅོལ་ལག་དེབ་དུས་ཚོད་རྫོགས་སོང་བས། ད་ལྟ་རང་འཕར་འགྱང་དགོས་ཀྱི་འདུག་ཅེས་བརྗོད་ཀྱང་འགྲོ་སྟངས་འགྲོ་ལུགས་གཏན་འཁེལ་མེད་སྟབས་གནས་སྐབས་རིང་ངང་འཐེན་གནང་རོགས་ཞུ་རྒྱུ་དང་། རྗེས་སུ་ས་གནས་ས་ཐོག་གི་འགན་འཛིན་དང་འབྲེལ་བ་ཡོད་པའི་ཐོག་ནས་ལམ་སྟོན་གནང་གི་རེད། དེ་གཞིར་བཟུང་ས་གནས་ཀྱི་(FRO)ལས་ཁུངས་དང་འབྲེལ་བ་གནང་རོགས་ཞུ་རྒྱུ་ཡིན། གོང་དུ་ཞུས་པ་ལྟར། ལོ་ལྔ་བཅུ་དེའི་ནང་འབད་བརྩོན་རིམ་པ་ཞུས་ཡོད་ཀྱང་ད་ཐེངས་རྒྱ་གར་གཞུང་ཕྱོགས་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་ལྡི་ལི་དོན་གཅོད་བརྒྱུད་ནས་རྒྱ་གར་གྱི་གནད་ཡོད་རྣམ་པར་རེ་འདུན་ཞུས་པ་ལྟར་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲི་བ། རྒྱ་གར་གཞུང་གིས་ཁས་ལེན་གནང་བ་ལྟར་དངོས་གཞི་ལས་རིམ་ག་དུས་དབུ་འཛུགས་གནང་གི་ཡོད་དམ།
ལན། ང་ཚོས་གང་མགྱོགས་འགོ་འཛུགས་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། རྒྱ་གར་གཞུང་ནས་ས་གནས་ས་ཐོག་ཏུ་ཕྱག་འཕྲིན་གནང་རྒྱུ་དེ་དག་གནང་སྟེ་བདུན་ཕྲག་གཉིས་གསུམ་ཕྱིན་འདུག ས་གནས་ས་ཐོག་ནས་གང་འདྲ་བྱེད་དང་མ་བྱས་ཏན་ཏན་འཛིན་སྐྱོང་ལ་འབྲེལ་བ་ཡོང་གི་རེད་བསམས་ཀྱི་འདུག
དྲི་བ། རྒྱ་གར་གཞུང་ནས་ས་ཆ་དང་ལས་ཀ་བྱེད་ཆོག་པ་གསུངས་ཡོད་ཀྱང་ཧི་མ་ལ་ཅལ་གཞུང་ནས་རྒྱ་གར་གྱི་མི་སེར་ཡིན་ཡང་ཧི་མ་ཅལ་གྱི་མི་སེར་མིན་ན་ས་ཆ་ཉོས་ཆོག་མིན་ཐོག་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ།
ལན། རྒྱ་གར་དབུས་གཞུང་ནས་ཁས་ལེན་གནང་ཡོད་ཀྱང་། མངའ་སྡེར་འགྲོ་སྟངས་འགྲོ་ལུགས་ཤིག་ཡོད། དེ་གཉིས་ཁག་ཁག་རེད། དབུས་གཞུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༠ ཉིན་ས་གནས་ཁག་ཏུ་བཀོད་ཁྱབ་གནང་བའི་ནང། བོད་མི་ཡིན་ན་ལས་ཀ་བྱས་ཆོག་གི་རེད། འོན་ཀྱང་གཞུང་ནང་ལས་ཀ་བྱས་ཆོག་མི་ཆོག་གསལ་ཁ་མི་འདུག ས་ཆ་རང་ཉིད་བེད་སྤྱོ་གཏོང་རྒྱུ་ཉོ་ཆོག་གི་རེད་མ་གཏོགས་རྒྱ་ཆེ་བའི་ས་ཆ་ཉོས་ཆོག་གི་མ་རེད། དེ་ཡང་རྒྱ་གར་དབུས་གཞུང་གི་དངུལ་ཁང་གི་སྒྲིག་གཞི་གཞིར་བཟུང་ལག་བསྟར་བྱེད་དགོས་ཀྱི་རེད་ཅེས་གསལ་ཡོད། འོན་ཀྱང་ཧི་མ་ཅལ་མངའ་སྡེའི་ནང་ཧི་མ་ཅལ་གྱི་ཡུལ་མི་མ་གཏོགས་ས་ཆ་ཉོས་ཆོག་གི་མ་རེད་ཅེས་པ་དེ་མངའ་སྡེའི་ཁྲིམས་འཁུར་དགོས་ཀྱི་རེད།
དྲི་བ། བོད་ནས་ཡོང་མཁན་ཁག་གཅིག་གི་སྐྱབས་བཅོལ་ལག་དེབ་ཐོག་གནས་མཇལ་བྲིས་ཡོད་པར་བརྟེན་མ་འོངས་པར་དེའི་གནས་སྟངས་གང་འདྲ་ཆགས་ཀྱི་རེད་དམ།
ལན། སྐྱབས་བཅོལ་ལག་དེབ་དེ་ང་ཚོའི་རེ་བར། བོད་མི་སུ་ཞིག་ཡིན་རུང་ལོ་ལྔ་འཕར་འགྱང་བྱ་རྒྱུའི་རེ་འདུན་ཞུས་པ་ཡིན། འོན་ཀྱང་རྒྱ་གར་གཞུང་ནས་ཐག་གཅོད་གནང་བ་ཞིག་ཕྱི་རྒྱལ་མི་རིགས་རྒྱ་གར་ནང་ལོ་ཉི་ཤུ་ལྷག་བསྡད་པ་ཞིག་ཡིན་ན། ལོ་ལྔ་ལྔ་བཞུགས་ཆོག་པའི་དེ་སྔོན་ཐག་གཅོད་གནང་གཞི་ཞིག་ང་ཚོས་ཐོས་པ་བརྟེན། དེ་གཞིར་བཞག་ཐོག་ནས་བོད་པར་སྤྲོད་དགོས་ཀྱི་འདུག་ཅེས་རྒྱ་གར་གྱི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་འགྲོ་སྐབས། བོད་པ་རྒྱ་གར་དུ་སླེབས་ནས་ལོ་ཉི་ཤུ་འགྲོ་མཁན་དང་། རྒྱ་གར་ནང་སྐྱེས་པ་ཚོར་ལྔ་ལྔ་འཕར་འགྱང་བྱ་རྒྱུའི་ཁས་ལེན་གནང་བ་རེད། ཕྱི་ལོ་ ༢༠༠༢ །༢༠༠༣ ནས་བོད་ནས་ཕེབས་ཏེ་ཤོག་བུ་དཀར་པོ་བསྣམས་ཕེབས་མཁན་དང་། ཤེས་ཡོན་དོན་དུ་ཕེབས་མཁན། དེ་བཞིན་གནས་མཇལ་དུ་ཕེབས་མཁན་ཡོད། ཁག་གཅིག་སྐྱབས་བཅོལ་དུ་ཕེབས་མཁན་ཡོད། ཤེས་ཡོན་དོན་དུ་ཕེབས་མཁན་ཚོར་ཟླ་བ་དྲུག་གམ་ལོ་གཅིག་འཕར་འགྱང་གནང་གི་ཡོད་པ་རེད། སྣེ་ལེན་དུ་ཕེབས་མཁན་མི་གྲངས་ ༤༤༠ བརྒལ་བའི་གནས་ཚུལ་ཞིག་ཆགས་ཡོད། ང་ཚོས་ལྡི་ལི་དོན་གཅོད་བརྒྱུད་ནས་ཚར་འགའ་ཤས་ཤིག་འབད་བརྩོན་བྱེད་སྐབས། སྔ་ལོ་རྒྱ་གར་ནང་སྲིད་ལས་ཁུངས་ནས་དང་པོ་དེབ་སྐྱེལ་བྱ་རྒྱུ་གལ་ཆེན་པོ་འདུག་ཅེས་བཀའ་ཡིག་ཅིག་འབྱོར་བ་རེད། དེ་བཞིན་ཁོང་རྣམ་པ་ཚོ་ཕྱི་ལོ་ ༢༠༡༢ ཟླ་ ༦ བར་འདིར་བསྡད་ཆོག་གི་རེད་ཅེས་ཁས་ལེན་གནང་བ་དང་ཆབས་ཅིག་དེབ་སྐྱེལ་བྱེད་དགོས་ཀྱི་རེད་ཅེ་གསུངས་འདུག་པ་ལྟར་མི་གྲངས་བཞི་བཅུ་ཞེ་གྲངས་ཤིག་གིས་དེབ་སྐྱེལ་བྱས་དང་བྱེད་མུས་རེད། དེབ་སྐྱེལ་བྱས་ཟིན་རྗེས་ཡང་བསྐྱར་ཟླ་བ་དྲུག་གམ་ལོ་གཅིག་འཕར་འགྱང་གནང་རོགས་ཞེས་ང་ཚོའི་ངོས་ནས་འབད་བརྩོན་ཞུ་རྒྱུ་ཡིན། འོན་ཀྱང་རྒྱ་གར་གཞུང་ཕྱོགས་ནས་ཐག་གཅོད་གང་འདྲ་ཞིག་གནང་གི་ཡོད་མེད། ད་ལྟ་བརྗོད་ཐུབ་པ་མི་འདུག ང་ཚོར་ཁོང་རྣམ་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད་བསམས་པའི་བློ་འཚབ་དེ་འདྲ་གང་ཡང་མི་འདུག ཅེས་ལན་འདེབས་གནང་ཡོད་པ་བཅས།།
བོད་མིའི་སྐྱབས་བཅོལ་ལག་དེབ་ལོ་ལྔ་འཕར་འགྱང་གནང་བའི་གནད་དོན་སྐོར་ལ་གསར་འགོད་པའི་དྲི་བར་བཀའ་ཁྲི་མཆོག་གིས་ལན་འདེབས་གནང་བ།
གསར་གནས།
འབྲེལ་གནས།