༢༠༡༢ ཟླ་ ༤ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས། དེ་བཞིན་བྷེང་ལོར་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས་བཅས་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་ཕེབས་ཏེ་མངའ་སྡེའི་བློན་ཆེན་སྐུ་ཞབས་ས་ད་ནན་ད་གའོ་ཌ་(D.V.Sadananda Gowda)མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཡཌྜི་ཡུ་རབ་པ་(B.S. Yeddyurappa)མཆོག་དང་ཀར་ཎ་ཊ་ཀ་མངའ་སྡེའི་གློག་ལས་ལས་ཁུངས་ཀྱི་འགན་འཛིན་མཆོག་དང་ཡང་མཇལ་འཕྲད་གནང་ཡོད། དེ་ཉིན་སྔ་དྲོར་མངའ་སྡེའི་བློན་ཆེན་མཆོག་གིས་བློན་ཆེན་གྱི་ལས་ཁུངས་ཤིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས་གཙོས་ཕྱག་རོགས་རྣམ་གཉིས་བཅས་ལ་ཞོགས་ཟས་གོ་སྒྲིག་གནང་ཡོད། སྐབས་དེར་ཁོང་རྣམ་པས་ཆུ་ཚོད་གཅིག་ཙམ་རིང་ཕན་ཚུན་གྲོས་མོལ་གནང་སྐབས་ནང་སྲིད་བཀའ་བློན་མཆོག་གིས་མངའ་སྡེའི་གཞུང་ནས་ཉེ་ལམ་བོད་མིའི་གཞིས་ཆགས་ཁག་གི་ཆུ་དང་གློག དེ་བཞིན་གཞུང་ལམ་ཡར་རྒྱས་གཏོང་ཆེད་རོགས་དངུལ་ཧིན་སྒོར་འབུམ་ ༢༢༥ ཙམ་གནང་བར་མངའ་སྡེའི་བློན་ཆེན་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལས་འཆར་གྱི་འགྲོ་གྲོན་ཆེད་ད་ཡོད་རོགས་དངུལ་གྱི་འདང་རྒྱུ་དཀའ་བར་བརྟེན། རོགས་དངུལ་ལྷག་མ་རྣམས་ཀྱང་གང་མགྱོགས་མངའ་གཞུང་གིས་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
གཞན་ཡང་སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་བོད་མི་ཚོའི་ཞིང་ལས་ཐོན་སྐྱེད་ཡར་རྒྱས་གཏོང་ཆེད་མངའ་གཞུང་གིས་དགོངས་བཞེས་གནང་རྒྱུ་དང་། བོད་མིའི་མཉམ་འབྲེལ་དང། སྐྱབས་བཅོལ་ལག་དེབ། ཟའ་འབྲུའི་ལག་དེབ་(Ration Card)སོགས་ཀྱི་གནད་དོན་ཐོག་ཀར་ཎ་ཊ་ཀ་མངའ་གཞུང་གིས་རོགས་རམ་གང་ཐུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད། སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་གིས་ནང་སྲིད་བཀའ་བློན་མཆོག་གི་རེ་འདུན་བཏོན་པ་དེ་དག་ལ་མངའ་གཞུང་གིས་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བ་མ་ཟད། ལྷག་པར་འོ་མའི་ཐོན་སྐྱེད་ཀྱི་བཟོ་གྲྭ་milk processing unit གསར་འཛུགས་ཆེད་རོགས་རམ་ཞུ་རྒྱུའི་འདུན་པ་ཡོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད། ཞོགས་ཟས་སྐབས་མངའ་སྡེའི་བློན་ཆེན་མ་ཕེབས་ཙམ་གྱི་གོང་ལ་ཀར་ཎ་ཊ་ཀ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ཨེ་སི་ཨེམ་ཇམ་དར་Dr. S. M. Jaamdarལགས་དང་ལྷན་ནང་སྲིད་བཀའ་བློན་མཆོག་གྲོས་མོལ་ཧ་ཅང་ལྷུག་པོ་བྱུང་ཡོད།
ཕྱེད་ཡོལ་ནང་སྲིད་བཀའ་བློན་མཆོག་དང་ཕྱག་རོགས་རྣམ་གཉིས་བཅས་ཀྱིས་ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཡཌྜི་ཡུ་རབ་པ་མཆོག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་གིས་དེ་སྔ་བློན་ཆེན་ཟུར་པ་མཆོག་དང་ཕྱི་ལོ་ ༢༠༠༩ ལོར་མཇལ་འཕྲད་གནང་ཡོད་སྐོར་དྲན་གསོ་ཞུས་པ་དང་སྦྲགས། བློན་ཆེན་ཟུར་པ་མཆོག་གིས་གཞུང་འཛིན་སྐབས་བོད་མི་ཚོར་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད། མངའ་སྡེའི་བློན་ཆེན་ལས་ཐོགས་མཆོག་ལ་བོད་མི་ཚོར་རོགས་རམ་གནང་རོགས་ཞེས་འབོད་སྐུལ་ཞུས་ཀྱང་དོན་འབྲས་གང་མགྱོགས་སོན་ཆེད་བློན་ཆེན་ཟུར་པ་མཆོག་གིས་གང་ཐུབ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།སྐབས་དེར་བློན་ཆེན་ཟུར་པ་མཆོག་ནས་གང་ཐུབ་ཀྱིས་འབད་བརྩོན་ཞུ་རྒྱུའི་ཁས་ལེན་ཡང་གནང་ཡོད།
དེ་བཞིན་ཕྱི་ཚེས་༢༤ཉིན་གྱི་སྔ་དྲོ་ནང་སྲིད་བཀའ་བློན་ལྷན་རྒྱས་ཀར་ཎ་ཊ་ཀ་མངའ་སྡེའི་གློག་ལས་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ཤི་རི་ནི་ཝ་ས་མུར་ཐི་ Mr.Sreenivasa Murthyམཆོག་དང་མཇལ་འཕྲད་གནང་སྟེ།
ནང་སྲིད་བཀའ་བློན་མཆོག་གིས་ཁོང་ལ་ཉེ་ལམ་མངའ་གཞུང་གིས་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གློག་ཡར་རྒྱས་གཏོང་ཆེད་ཧིན་སྒོར་འབུམ་ ༥༤།༨ གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། སྦེལ་ཀོབ་དང་ཀོ་ལེ་གྷལ། གུར་པུ་རའམ་ཧུན་སུར་གཞིས་ཆགས་བཅས་ཀྱི་ནང་དེ་མཚུངས་རོགས་དངུལ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་བཅས།།