༢༠༡༢ ཟླ་ ༤ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་ཨ་རིའི་ཁལ་ལི་ཕོར་ནི་ཡར་༸ཞབས་སོར་བདེ་བར་འཁོད་སྐབས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་མཆོག་གིས་གཙོས་ས་གནས་དེར་རྟེན་གཞིས་བྱས་པའི་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པས་གནམ་ཐང་དུ་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་ཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་མཚམས་ས་གནས་བོད་མི་དང་ཆོས་ཚོགས་ཀྱིས་ལས་བྱེད།
དེ་བཞིན་དད་ལྡན་མང་ཚོགས་ཁག་གཅིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་གྲུབ་མཚམས། ལོང་བྷི་ཆིའི་ Long Beach ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཨོ་རེན་ཇི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་བྷོབ་ཕོ་སི་ཊར་Bob Foster མཆོག་དང་མཇལ་འཕྲད་ཀྱིས་གསར་འགོད་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས། གསར་འགོད་ལྷན་ཚོགས་སྐབས་ཐོག་མར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོང་བྷི་ཆི་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་པར་ས་གནས་གཞུང་མང་གཉིས་ཀྱིས་དགའ་བསུའི་འཚམས་འདྲི་ཡོད་སྐོར་ཞུས་པ་དང་སྦྲགས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཆེ་མཐོང་མཚོན་ཆེད་ཤིང་སྣ་ཞིག་འདེབས་འཛུགས་བྱ་རྒྱུ་ཡིན་སྐོར་སྙན་སྒྲོན་ཞུས། གཞན་ཡང་སྐབས་དེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཁལ་ལི་ཕོར་ནི་ཡའི་མངའ་སྡེའི་སྐུ་ཚབ་འཐུས་མི་སྐུ་ཞབས་ལའོ་ཀོ་རེ་Lou Correa མཆོག་གིས་ཁོང་རང་ཉིད་གཞོན་སྐྱེས་སྐབས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་མང་པོ་ཀློག་མྱོང་ཡོད་པར་བརྟེན། མགོན་པོ་གང་ཉིད་མཆོག་གི་ཐུགས་དགོངས་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་ཡིན་སྐོར་གྱི་གསུང་བཤད་གནང་བ་མ་ཟད། སྐུ་ཞབས་ལའོ་ཀོ་རེ་མཆོག་གིས་༸གོང་ས་མཆོག་ལ་གྲོང་ཁྱེར་མང་ཚོགས་ཀྱིས་ཆེ་མཐོང་དང་སྤྲོ་སེམས་མཚོན་ཆེད་ཕྱག་རྟགས་ཤིག་འབུལ་ལམ་ཞུས།
དེ་རྗེས་༸གོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་སྐོར་ཤོད་བཞིན་ཡོད། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མི་གཞན་དང་ཕྱོགས་ཡོངས་ནས་གཅིག་མཚུངས་ཤིག་ཡིན་པ་ལས་དམིགས་བསལ་བ་ཞིག་གང་ཡང་མིན། འགྲོ་བ་མིའི་གཞི་རྩའི་རང་གཤིས་ནི་བྱམས་བརྩེ་དང་ཞི་འཇམ་ལྡན་པ་ཞིག་ཡིན། མཐར་ཐུག་གི་བདེ་སྐྱིད་ཡོང་མིན་དེ་སོ་སོ་མི་སྒེར་ལ་རག་ལུས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། འཛམ་གླིང་ནང་ཆོས་ལུགས་འདྲ་མིན་ཡོད་པ་རྣམས་སོ་སོའི་ཐབས་ལམ་འདྲ་མིན་ཡོད་ཀྱང་གཞི་རྩའི་བྱམས་པ་དང་བརྩེ་བ། བཟོད་བསྲན། འདོད་ཆུང་ཆོག་ཤེས་ཀྱི་བཟང་སྤྱོད་དང་འབྲེལ་བའི་བསླབ་བྱའི་སྐོར་གོ་རྟོགས་སྤེལ་བཞིན་ཡོད་པ་གཅིག་མཚུངས་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ། དེ་རྗེས་བོད་དོན་སྐོར་བཀའ་སློབ་སྩལ་དོན། ཕྱི་ལོ་ ༢༠༡༡ ལོར་བཀའ་ཤག་སྐབས་བཅུ་གསུམ་པའི་ལས་ཡུན་རྫོགས་ནས་སྐབས་བཅུ་བཞི་པའི་བཀའ་ཤག་འོས་བསྡུ་བྱེད་སྐབས་མང་ཚོགས་ཀྱིས་དོ་སྣང་ཧ་ཅང་བྱས་པར་བརྟེན་ད་ཆ་ཆབ་སྲིད་ཀྱི་དབང་ཆ་དེ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆ་ཚང་རྩིས་སྤྲོད་རྒྱུའི་དུས་ལ་བབ་འདུག་བསམ་པ་དྲན་བྱུང་། དེར་བརྟེན་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ནས་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་བྱས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན།
གསར་འགོད་པར་དྲི་བ་ཞུ་རྒྱུའི་གོ་སྐབས་སྩལ་བ་ལྟར་གསར་འགོད་པ་ཞིག་གིས་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་བོད་ནང་དུ་སླར་ཡང་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དང་འབྲེལ་ནས་བོད་མི་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། གནད་དོན་དེར་ཧ་ཅང་བློ་ཕམ་བྱུང། འོན་ཀྱང་གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད། རང་ལུས་མེར་སྲེག་གི་གནས་ཚུལ་ཐོག་མ་དེ་ཐོས་སྐབས་ངོས་རང་ཉི་ཧོང་དུ་ཡོད། སྐབས་དེར་ངོས་ཀྱིས་འབྲེལ་ཡོད་ཚོར་རང་ལུས་མེར་སྲེག་གཏོང་དགོས་ཐུག་པ་དེའི་རྒྱུ་རྐྱེན་གཙོ་བོ་གང་དུ་ཐུག་ཡོད་མེད་ཞིབ་འཇུག་བྱས་ནས་ཤེས་རྟོགས་ཡོང་ཐབས་དགོས་པའི་འབོད་སྐུལ་ཞུ་རྒྱུ་བྱུང། ཞེས་བཀའ་ལན་སྩལ་བ་མ་ཟད། ཝི་ཏི་ནམ་དང་རྒྱ་ནག་སོགས་ཀྱི་ནང་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དང་འབྲེལ་ནས་བཀའ་སློབ་སྩལ་དོན། དེ་སྔ་རིག་གནས་གསར་བརྗེ་(Cultural Revolution)སྐབས་དམར་སྲུང་དམག་གིས་(Red Guards)ནང་པའི་དགོན་པ་ཞིག་རྩ་གཏོར་གཏོང་སྐབས་དགོན་པ་དེའི་མཁན་པོས་རང་ལུས་མེར་སྲེག་བཏང་ཡོད་ཅེས་བཀའ་སློབ་སྩལ་བ་དང་སྦྲགས།
མགོན་པོ་གང་ཉིད་མཆོག་དེ་སྔ་ཅེག་ཀོ་སོ་ལོ་ཝ་ཀི་ཡའི་Czechoslovakia.སློབ་ཕྲུག་ཇན་པ་ལག་Jan Palachགིས་རང་ལུས་མེར་སྲེག་བཏང་བའི་ས་ཆ་དེར་ཆིབས་སྒྱུར་བསྐྱངས་པ་དེ་ཐུགས་དྲན་གསོ་མཛད་དེ་མུ་མཐུད་བཀའ་སློབ་སྩལ་དོན། མི་འགའ་ཤས་ཀྱིས་བསམ་པར་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བ་དེ་གློ་བུར་དུ་བྱུང་བ་ལྟ་བུར་ངོས་འཛིན་བྱེད་གཞིན་ཡོད་པ་དེ་འདྲ་རྩ་བ་ནས་མིན། དེ་ནི་ལོ་ངོ་ ༢༠ ལྷག་ཙམ་གྱི་རིང་བོད་ནང་རྒྱ་མིའི་ས་གནས་སྲིད་གཞུང་གིས་སྲིད་བྱུས་འཛིན་སྟངས་དང་ཐད་ཀར་འབྲེལ་བ་ཆགས་ཡོད། བོད་པའི་དགོན་པ་དང་སློབ་གྲྭ་ཁག་ཏུ་ཧ་ཅང་དམ་བསྒྲགས་བྱས་པ་མ་ཟད། ལྷ་སའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ནང་དེ་སྔ་ནང་པའི་གཞུང་སློབ་ཁྲིད་བྱ་རྒྱུ་ཡོད་པ་དེར་དམ་བསྒྲགས་བྱས་ཏེ་སློབ་ཁྲི་ད་བྱས་མི་ཆོག་པ་བཟོས་ཡོད། ཕྱོགས་མཚུངས་དགོན་པའི་ནང་དུ་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་ལག་བསྟར་བྱས་པར་བརྟེན།
བོད་མི་ཁག་གཅིག་གིས་དེ་སྔ་རིག་གནས་གསར་བརྗེའི་དུས་སྐབས་དང་མཚུངས་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་མཁན་ཡང་བྱུང་ཡོད། ཉེ་ཆར་བོད་མི་ཚོར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྲིད་བྱུས་འཛིན་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དེས་ཡིན། ཉེ་ལམ་རྒྱ་གཞུང་གིས་ཁ་བྲལ་བ་ཉུང་ཤས་ཤིག་ལ་དམག་འཐབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད། གལ་ཏེ་རྒྱ་གཞུང་གིས་བཤད་པ་དེ་དྲང་བདེན་ཡིན་ན་ཁ་བྲལ་བ་ཉུང་ཤས་ལས་མེད་སྟབས་དམག་རྒྱག་དགོས་དོན་ཅི་ཡིན། ཕྱི་ལོ་ ༡༩༥༠ ནང་ནས་བཟུང་ད་བར་བོད་ནང་གི་བོད་མི་ཚོས་དཀའ་སྡུག་མང་པོ་མྱངས་ཡོད། དེ་བཞིན་རྒྱ་མི་རྩོམ་པ་པོ་ཞིག་གིས་བརྩམས་པའི་དཔེ་དེབ་ནང་བོད་མི་ས་ཡ་ཕྱེད་ཙམ་མནར་གཅོད་འོག་འཆི་བའམ་དམར་གསོད་བཏང་བའི་སྙན་ཐོ་ཞིག་རིན་མིན་འདོན་རྒྱུ་རེད། བོད་མི་ཚོར་རང་གི་ཐུན་མིན་སྐད་དང་རིག་གཞུང་ཐུན་མིན་ཞིག་ཡོད་པར་བརྟེན་བོད་མི་རིགས་ཀྱི་ལ་རྒྱ་རང་བཞིན་གྱི་ཡོང་གི་ཡོད། སྟབས་ལེགས་པ་ཞིག་ལ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོས་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་སྐོར་གསར་འགོད་ལྷན་ཚོགས་སུ་གཏམ་བཤད་ཡང་ཡང་བྱས་ཡོད་པ་མ་ཟད། འདི་ལོ་རྒྱ་ནག་ནང་དུ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་སྐབས་སུའང་ཁོང་གིས་དེ་རང་བརྗོད་ཡོད། དེ་རྗེས་ཉིན་ཤས་ལས་མ་སོང་བར་དམར་པོའི་འགོ་ཁྲིད་མཁྲེགས་འཛིན་པ་བྷོ་ཤི་ལའི་ Bo Xilaiགོ་གནས་ནས་གནས་དབྱུང་བཏང་ཡོད། དེར་བརྟེན་གཅིག་བྱས་ན་གུང་ཁྲན་གྱི་འགོ་ཁྲིད་ཁྲོད་གུ་ཡངས་ཀྱི་སྲིད་བྱུས་འཛིན་མཁན་ཚོར་ད་ལྟའི་ཆར་དབང་ཆ་ཏོག་ཙམ་ཆེ་བ་ཡོང་གི་ཡོད་པ་ལྟ་བུ་འདུག་ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་འཇིགས་བྱེད་ཀྱི་བཀའ་དབང་གི་སྟ་གོན་གྱི་སྒྲུབ་ཞག་མཛད་ཆེད་ལོང་བྷི་ཆིར་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་སུ་ཆིབས་སྒྱུར་བསྐྱངས། ཉིན་གུང་ལྗགས་སྨིན་སྐབས་བཀའ་དབང་གོ་སྒྲིག་ཚོགས་ཆུང་དང་སྦྱིན་བདག་བཅས་ལྷན་འཛོམས་ཐོག་༸གོང་ས་མཆོག་གིས་ཤར་རྩེ་མཁན་རིན་པོ་ཆེ་མཆོག་གིས་སྐད་ཡིག་མང་པོ་མཁྱེན་གྱི་ཡོད་པར་བསྔགས་བརྗོད་མཛད་པ་དང་སྦྲགས། མཁན་ཟུར་དམ་པ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་སྐོར་ལའང་བཀའ་སློབ་སྩལ། ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་འཇིགས་བྱེད་ཀྱི་བཀའ་དབང་གི་སྟ་གོན་གྱི་སྒྲུབ་ཞག་མཛད་དེ་རྒྱལ་མཆོག་སྐུ་ཕྲེང་བདུན་པ་ཆེན་པོས་མཛད་པའི། དབུ་མའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་མགུར་དབྱངས་དངོས་གྲུབ་ཆར་འབེབས་ཀྱི་
(The Song of the Four Mindfulnesses, Causing the Rain of Achievements to Fall)ཆོས་འབྲེལ་སྩལ། སྐབས་དེར་༸གོང་ས་མཆོག་ལ་འཇིགས་བྱེད་བཀའ་དབང་གི་ཁྲིད་རྒྱུན་སྟག་བྲག་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཐོབ་ཡོད་སྐོར་དང། ཕྱིས་སུ་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་མདུན་ནས་ཁྲིད་རྒྱུན་ཐོབ་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ།
ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་འཇིགས་བྱེད་ཀྱི་བཀའ་དབང་དངོས་གཞི་དབུ་འཛུགས་མཛད་རྒྱུ་མ་ཟད། ཉིན་རྒྱབ་དཀའ་རྙོག་གི་དུས་སྐབས་སུ་ཞི་བདེ་སྐྲུན་ཐབས། “Peace in Troubled Times.”ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།