༢༠༡༢ ཟླ་ ༤ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིར་གནས་སྡོད་རྒྱ་རིགས་ཕང་ལི་གྲི་(Fang Li Zhi)འདས་གྲོངས་སུ་གྱུར་བར་ཁོང་གི་ལྕམ་སྐུ་ལི་ཤུ་ཕྲིན་(Li Shuxian)ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་ཕང་ལི་ཁྲི་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་ངོས་ལ་ཧ་ཅང་བློ་ཕམ་བྱུང། དམ་པ་ཁོང་ནི་དངོས་ཁམས་རིག་པའི་ཚན་རིག་པ་ཞིག་ཡིན་པ་མ་ཟད། དེང་རབས་རྒྱ་ནག་གི་མི་སྣ་གལ་ཆེན་ཞིག་ཀྱང་ཆགས་ཡོད། དཀའ་ངལ་གྱི་དུས་སྐབས་འདིར་ངོས་ཀྱིས་དམ་པ་ཁོང་ལ་སྨོན་ལམ་རྒྱག་རྒྱུ་མ་ཟད། སྐུ་ཉིད་དང་སྐུ་ཉིད་ཀྱི་ནང་མི་གཞན་ཚང་མར་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། དམ་པ་ཁོང་ནི། དྲང་བདེན་འཚོལ་ཆེད་སྨྲ་བརྗོད་རང་དབང་དང་མང་གཙོ་གཉིས་མེད་དུ་མི་རུང་བ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་གནང་མཁན་ཞིག་ཡིན་པར་བརྟེན། དཔའ་མཛངས་ལྡན་པའི་ཐོག་ནས་ངལ་བ་ཁྱད་བསད་ཀྱིས་རྒྱ་རིགས་མང་ཚོགས་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོར་གནད་དོན་དེའི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད།
ངེད་གཉིས་ཕྱི་ལོ་ ༡༩༩༡ ལོར་ཨ་རིར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་སྐབས་ཐོག་མར་ཐུག་འཕྲད་བྱུང་། སྐབས་དེར་ངེད་གཉིས་ཀྱིས་བསམ་ཚུལ་མཐུན་པ་དང་སེམས་འཚབ་ཡོད་པའི་གནད་དོན་ཐོག་ཕན་ཚུན་གོ་བསྡུར་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་བྱུང། དམ་པ་ཁོང་གི་ཕྱི་གསལ་ནང་གསལ་དང་རང་དབང་ལྡན་པའི་རྒྱ་ནག་ཞིག་བསྐྲུན་རྒྱུའི་རེ་བ་དང་འཆར་སྣང་དེར་ངོས་ཀྱིས་སྙིང་ཐག་པ་ནས་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད། གསུང་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་དེར་རྩ་འཛིན་ཡོང་བ་ཞུ།།
༸གོང་ས་མཆོག་གིས་རྒྱ་རིགས་ཕང་ལི་གྲི་འདས་གྲོངས་སུ་གྱུར་བར་ཐུགས་གསོའི་གསུང་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།