༢༠༡༢ ཟླ་ ༤ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ལོང་བྷི་ཆིའི་(Long Beach)ཁུལ་དུ་མི་རིགས་འདྲ་མིན་ནས་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུར་རྒྱ་ནག་སྐམ་ཆེན་མོ་དང་། ཐེ་ཝན། སོག་པོ། བོད་རིགས། ཤར་ཏུར་ཀི་སི་ཐན་ཡུ་གུར་སོགས་ནས་ཆེད་ཕེབས་གནང་སྟེ་བགྲོ་གླེང་ལྷན་ཚོགས་སུ་མཉམ་ཞུགས་གནང་མཁན་ཚོར་མགྲོན་ཁང་ཞིག་ནང་དམིགས་བསལ་མཇལ་ཁ་སྩལ་ཏེ་བཀའ་སློབ་ཕེབས་དོན། ཆོས་གྲོགས་ཁྱེད་རྣམ་པར་ཞུ་རྒྱུར། ད་རེས་འདི་གར་ཁྱུག་ཙམ་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་དང་། དེ་བཞིན་རྒྱ་རིགས་གཙོ་བོར་གྱུར་བའི་ཚོགས་བཅར་བ་ཚོར་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས། སེམས་ཤུགས་མ་ཆག་པ་བྱེད་དགོས་པའི་བཀའ་སློབ་ཕེབས་དོན། པེ་ཅིང་དུ་གནམ་བདེའི་སྒོ་མོའི་ཐང་ཆེན་གྱི་གནས་ཚུལ་བྱུང་རྗེས་ང་ཚོ་གྲོགས་པོ་མང་པོ་ཞིག་དང་ཐུག་རྒྱུའི་གོ་སྐབས་བྱུང་ཡོད། དེ་ཡང་ང་ཚོ་བཙན་བྱོལ་བ་རྒན་པ་ཆགས་ཡོད། གནམ་བདེའི་སྒོ་མོའི་ཐང་ཆེན་གྱི་གནས་ཚུལ་བྱུང་བའི་རྗེས་སུ་ཡོང་མཁན་ཚོ་བཙན་བྱོལ་བ་གཞོན་པ་ཆགས་ཡོད། དེར་བརྟེན་རྒན་པས་གཞོན་པར་ཉམས་མྱོང་སྤེལ་རྒྱུ་ལས་སླ་པོ་མ་རེད། དཀའ་ངལ་མང་པོར་གདོང་ལེན་བྱེད་དགོས་ཀྱི་ཡོད། ཁྱེད་རང་ཚོར་ད་ལྟ་ཡིན་ཡང་དྲང་བདེན་གྱི་འཐབ་རྩོད་བྱ་རྒྱུའི་བསམ་བློ་ཡོད་པ་དེ་ཧ་ཅང་ཡག་པོ་རེད། བདེན་པ་ནག་སུབ་གཏོང་ཐབས་མེད་པར་བརྟེན་སོ་སོའི་བདེན་དོན་ལ་ཡིད་ཆེས་བྱས་ཏེ་སེམས་ཤུགས་སྐྱེ་རྒྱུ་གལ་ཆེན་པོ་རེད། རྒྱ་ཆེན་པོའི་ཐོག་ནས་བསམ་ཚུལ་བསྡུ་ཐུབ་ཐབས་མེད་ཀྱང་། འོན་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་འབྲེལ་བ་བྱེད་སྐབས། མང་ཆེ་བ་དེ་དག་གིས་ང་ཚོ་གཉིས་ཕན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག དཔེར་ན། ཤིན་བྱང་གི་གྲོགས་པོ་ཁག་གཅིག་གིས་ང་ཚོར་རང་བཙན་གཙང་མ་དགོས་ཞེས་འཐབ་རྩོད་བྱེད་ཀྱི་ཡོད། (Rabiya kadeer)ར་བྷི་ཡ་ཀ་ཌིར་དང་ངོས་རང་ཐུག་ནས་སྐད་ཆ་ཤོད་སྐབས་ཁོང་གིས་ང་ཚོའི་རང་སྐྱོང་དབུ་མའི་ལམ་ཞེས་པ་དེ་ཧ་ཅང་ཡག་པོ་འདུག་ཅེས་རྒྱབ་སྐྱོར་གནང་ཡོད། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ནས་ང་ཚོས་ར་བྷི་ཡ་ཀ་ཌིར་དང་ལྷན་ངན་པ་ལག་སྦྲེལ་བྱེད་ཀྱི་འདུག་ཅེས་བསྐྱོན་བརྗོད་བྱེད་ཀྱི་འདུག དོན་ཐོག་ར་བྷི་ཡ་ཀ་ཌིར་ངོ་ཤེས་རྗེས་ངོས་ཀྱིས་ཕན་ཐོགས་བྱས་ཡོད། ང་ཚོས་ཕྱི་ལོ་ ༡༩༧༤ ལོར་ང་ཚོས་བསམ་བློ་བཏང་སྟེ་གཏན་འབེབས་བྱས་པ་གཉིས་ཕན་དབུ་མའི་ལམ་ལ་བོད་མི་བཙན་བྱོལ་བ་མང་ཆེ་བས་རྒྱབ་སྐྱོར་བྱས་པ་མ་ཟད། བོད་ནང་གི་ཤེས་ཡོན་ཅན་མང་དག་ཅིག་གིས་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་དེ་རྗེས་བློ་བཟང་སེང་གེ་གཉིས་ནས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་བྱེད་བཞིན་འདུག
དེར་བརྟེན་དེ་མུ་མཐུད་བྱེད་དགོས་ཀྱི་ཡོད། རྒྱ་ནག་གི་སྲིད་བློན་ཝན་ཅཱ་པོས་འདས་པའི་ལོ་གཅིག་གཉིས་ནང་གི་གསུང་བཤད་གནང་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚར་རྗེས་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཐོག་ནན་བརྗོད་བྱས་འདུག དེ་རྗེས་བྷོ་ཤི་ལཡི་(Bo Xilai)གནས་ཚུལ་ཞིག་བྱུང་ཡོད། དེར་བརྟེན་འགྱུར་བ་འགྲོ་གི་ཡོད་པ་ལྟ་བུ་འདུག གལ་ཆེ་ཤོས་འགྱུར་བ་དེ་ཡང་ལྷིང་འཇགས་པོའི་ཐོག་ནས་འགྲོ་ཐུབ་ན། ངོས་ཀྱིས་སྔོན་མ་བརྗོད་ཀྱི་ཡོད། གུང་ཁྲན་ཏང་གིས་འགོ་ཁྲིད་དེ་མང་གཙོ་ཡག་པོ་ཞིག་གི་ཐོག་འགྲོ་ཐུབ་རྒྱུ་དང་། གང་ཙམ་ཞིག་ནས་གུང་ཁྲན་ཏང་ངོས་ལྟར་གཟི་བརྗིད་ལྡན་པའི་ཐོག་ནས་རྒན་ཡོལ་བྱས་ན་ཡག་པོ་རེད་ཅེས་བརྗོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
༸གོང་ས་མཆོག་གིས་བགྲོ་གླེང་ལྷན་ཚོགས་སུ་མཉམ་ཞུགས་གནང་མཁན་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།