༢༠༡༢ ཟླ་ ༤ ཚེས་༢༧ རེས་གཟའ་པ་སངས།
༄༅། །ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་(Chicago)རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཁང་ཟུང་འབྲེལ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༦ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཆི་ཁ་གོར་ཡོད་པའི་(Loyola University)ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་བོད་མི་ལྔ་བརྒྱ་ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
དེ་ཡང་ཐོག་མར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་གསུང་བཤད་གནང་ཡོད། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་བོད་མིར་བཀའ་སློབ་སྩལ་དོན། དེ་རིང་འདི་གར་སླེབས་པའི་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། འདི་གར་ཡོད་པའི་ངོས་ཀྱི་འདྲ་པར་ཐོག་ངོས་རང་གི་མིང་བསྟན་འཛིན་རྒྱ་མཚོའམ་ལྷ་མོ་དོན་གྲུབ་ཅེས་བྲིས་ཡོད། ངོས་རང་ཆུང་དུས་ཀྱི་མིང་ལ་ལྷ་མོ་དོན་གྲུབ་བརྗོད་ཀྱི་ཡོད། ༸རྒྱལ་དབང་སྐུ་གོང་མ་དགུང་ལོ་ཕལ་ཆེར་བརྒྱད་ཅུ་གྱ་གྲངས་བཞུགས་རྒྱུ་ལྟ་བུ་འདུག་ཀྱང་མཐའ་མ་དགུང་ལོ་ལྔ་བཅུ་བརྒལ་བ་མ་གཏོགས་བཞུགས་མེད། ལུང་བསྟན་ནང་ཡང་སྲིད་མདོ་སྨད་དམ་མོན་ནས་ཡོང་གི་རེད་ཅེས་ཡོད། ཕལ་ཆེར་མཁར་རྡོ་བཟོད་པ་རྒྱ་མཚོ་ཡིན་ནའང་ངོས་རང་ཆུང་དུས་དེ་འདྲ་ཞིག་གོ་མྱོང་ཡོད། ཨ་ཀ་མ་ཞེས་པའི་མ་འདི་ངོས་ཀྱི་མིང་ནང་དམིགས་བསལ་ལྷ་མོ་ཞེས་པ་དེའི་མིང་གཞི་མ་དེ་མིན་ནམ་སྙམ་པ་དྲན་གྱི་འདུག ངོས་ཀྱིས་ངོས་རང་༸རྒྱལ་བ་རིན་པོ་ཆེ་ཡིན་ཞེས་བརྗོད་ཀྱི་མེད། དེ་རིང་འདི་གར་དམིགས་བསལ་དང་དཔེ་གསར་ལྟ་བུ་བྱུང་བས་ཐུགས་རྗེ་ཆེ་ཟེར་གྱི་ཡིན། བོད་པ་ས་གནས་གང་དང་གང་དུ་ཡོད་ཀྱང་སོ་སོའི་མི་རིགས་ཀྱི་རྣམ་པ་བཟུང་རྒྱུ་དང་། དེ་བཞིན་བོད་མི་རིགས་ཀྱི་ཞེན་ཁོག་འཁྱེར་རྒྱུ་དེ་རེ་ཟུང་གནས་ཚུལ་ཐ་དད་རེད་མ་གཏོགས་སྤྱི་ཡོངས་ཀྱི་ང་ཚོ་བོད་པ་ཚང་མས་བོད་མི་རིགས་ཀྱི་ཚབ་བྱེད་ཐུབ་མཁན་བྱས་ནས་བསྡད་པ་རེད། སྤྱིར་བཏང་ང་ཚོའི་བོད་གྲ་སྒྲིག་པོ་ཡོད་པའི་སྐབས་ལ་ཡིན་ན། བོད་པ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་མི་རིགས་ཀྱི་རྣམ་པ་འཛིན་སྐྱོང་ཐུབ་ན་ཡག་པོ་རེད་ཀྱང་དེ་ལྟར་མ་ཐུབ་ནའང་དེ་ཙམ་གྱི་ཁྱད་པར་མེད། ང་ཚོ་བོད་པར་ཆ་བཞག་ན། ལོ་རྒྱུས་དང་སྐད་ཡིག རིག་གཞུང་། ཆོས་གང་ཅིའི་ཐོག་ནས་ཕྱུག་པོ་ཡོད། སོ་སོའི་སྐད་དང་རིག་གཞུང་འབུར་ཐོན་ཡོད་པའི་མི་རིགས་ཤིག་དེ་རིང་ཁ་སང་ཆག་འཇིག་གི་མཚམས་སུ་སླེབས་སྐབས། ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་བོད་སྤྱི་པའི་དོན་དུ་སེམས་ཁུར་བླང་སྟེ་ས་གནས་གང་དུ་གནས་ཀྱང་རང་ཉིད་བོད་པ་ཡིན་བསམས་པའི་འདུ་ཤེས་དང་བོད་སྤྱི་པའི་དོན་དག་མ་བརྗེད་པར་སྡོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་ཚང་མས་རང་ཉིད་བོད་པ་ཡིན་བསམས་པ་དང་བོད་པའི་ལ་རྒྱ་བཟུང་ནས་བསྡད་འདུག་པས་ཧ་ཅང་ཡག་པོ་རེད། དེ་བཞིན་གཞོན་སྐྱེས་ཚོས་བོད་སྐད་ཤེས་པ་བྱ་རྒྱུ་གལ་འགངས་ཆེན་པོ་རེད། ཁྱིམ་ཚང་ཁག་གཅིག་གིས་སྟབས་བདེ་བའི་ཆེད་ཁྱིམ་ཚང་ནང་དབྱིན་སྐད་རྒྱག་མཁན་དེ་འདྲ་ཡོད་འདུག འཕྲལ་སེལ་གྱི་སྟབས་བདེ་བའི་ཆེད་དབྱིན་སྐད་བརྒྱབ་ན་ཕྲུ་གུར་ཡང་ཞར་དང་ཞོར་དུ་དབྱིན་སྐད་ལ་སྦྱོང་བརྡར་ཐེབས་ཏེ་དགེ་མཚན་ཡོད། འོན་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བརྩིས་ན། སོ་སོའི་ཕ་སྐད་ལ་ཆུང་ཆུང་སྐབས་ནས་གོམས་འདྲིས་མ་བྱུང་བར་བརྟེན། ཕྱིས་སུ་ལོ་ན་གང་ཙམ་སོན་སྐབས་སློབ་དགོས་བྱུང་ཡང་དཀའ་ངལ་ཡིན་པས་ཁྱིམ་ཚང་ནང་བོད་སྐད་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་ང་ཚོས་ནོ་བེལ་ཞི་བདེའི་གཟེངས་རྟགགས་བཞེས་མཁན་གྱི་མཛད་སྒོ་ཚོགས་པ་རེད། མཛད་སྒོ་ཡག་པོ་བྱུང་སོང་ལ་བསམ་བློ་གཏོང་སྐབས་ཕྲན་བུ་སེམས་པ་སྐྱོ་པོ་ལྟ་བུ་བྱུང་། ངོས་ཀྱིས་ངོ་སྤྲོད་བྱེད་སྐབས་ངོས་རང་ལོ་བཅུ་དྲུག་ལ་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་འགན་དབང་རྩིས་ལེན་ཞུས་པ་ཡིན། ད་ཆ་ངོས་རང་ལོོ་བདུན་ཅུ་དོན་དྲུག་གི་མཚམས་སུ་སླེབས་ཡོད། ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་དེ་དོན་དམ་གྱི་མང་གཙོའི་འོས་བསྡུའི་ཐོག་ནས་སླེབས་པའི་སྲིད་སྐྱོང་བློ་བཟང་སེང་གེར་རྩིས་སྤྲོད་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་ཡིན། སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་བླ་མ་རེད། ༸རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་བཀའ་ཤག་གསར་པ་བཙུགས་གནང་བ་རེད། དེ་དུས་ཀྱི་བཀའ་ཤག་གི་བཀའ་ཐམ་བདེ་སྐྱིད་མ་ཞེས་པའི་ཐམ་ག་དེ་བཀའ་ཁྲི་ནས་འཁྱུར་འགྲོ་མཁན་ཟམ་གདོང་རིན་པོ་ཆེས་བློ་བཟང་སེང་གེར་རྩིས་སྤྲོད་གནང་ཡོད། བློ་བཟང་སེང་གེ་ནི་བླ་མ་དང་དགེ་འདུན་པ་གང་ཡང་མིན། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་ཞིག་རེད། གང་ལྟར་རྒྱལ་རབས་ལ་འགྱུར་བ་འགྲོ་རྒྱུ་ཞིག་ཆགས་ཀྱི་ཡོད། རྒྱལ་རབས་ལ་འགྱུར་བ་དེ་ཡང་བཀྲ་མི་ཤིས་པའི་ཐོག་ནས་བྱུང་བ་ཞིག་མིན། དངོས་གནས་ང་ཚོ་ཚང་མ་དམ་ཚིག་གཙང་མ་དང་བློ་མཐུན་པའི་ཐོག་དགའ་ཞིང་སྤྲོ་ཞིང་དང་བས་ཀུན་ནས་བླངས་ཏེ་སྤོབས་པའི་ངང་ནས་མཚམས་འཇོག་བྱ་རྒྱུ་དེ་ཧ་ཅང་ཡག་པོ་འདུག ལོ་རྒྱུས་ཐོག་བསམ་བློ་གཏོང་སྐབས་ཕྲན་བུ་སྐྱོ་པོ་ལྟ་བུ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་སྐབས་སྤོབས་པ་སྐྱེ་རྒྱུ་ཞིག་ཡོང་གི་འདུག ཅེས་བཀའ་སློབ་སྩལ་ཡོད། དེ་ནས་ལོ་ཡོ་ལ་གཙུག་ལག་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཏེ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊ་ཝར་(Canada Ottawa) ཆིབས་ཞལ་བསྒྱུར་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆི་ཁ་གོའི་ས་གནས་བོད་མི་ཚོར་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།