༢༠༡༢ ཟླ་ ༤ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་གུ་རུའི་གནས་མཆོག་མཚོ་པདྨ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་གུ་རུའི་གནས་མཆོག་མཚོ་པདྨའི་ གསུང་ཆོས་རྭ་བར་ཆིབས་སྒྱུར་གྱིས་གནས་དེར་མི་མང་ཁྲི་ཚོ་བརྒལ་བར་ཐུགས་རྗེ་ ཆེན་པོ་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་ཆེ་བ་སྩལ་ཡོད།
དེ་ཡང་ཐོག་མར་ཆུ་ཚོད་གཅིག་རིང་བཀའ་དབང་གི་སྒྲུབ་ཞག་སྔོན་དུ་མཛད་རྗེས་བཀའ་ དབང་གི་ཆོས་འབྲེལ་དབུ་འཛུགས་མ་མཛད་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ གིས་ནང་ཆོས་ངོ་སྤྲོད་ཀྱི་སྔོན་འགྲོའི་གསུང་ཆོས་སྐབས་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་གནས་ཁྱད་པར་ཅན་མཚོ་པདྨར་ཡང་བསྐྱར་སླེབས་ཏེ་ཆོས་འབྲེལ་བྱེད་ རྒྱུར་གཡས་གཡོན་ནས་ཁྱེད་རང་ཚོ་མི་མང་པོ་ཞིག་འཛོམས་འདུག འདི་གར་ཆོས་འབྲེལ་བྱེད་རྒྱུ་དེ་ཚེ་དབང་ཞིག་བྱུང་ན་ ཞེས་བཀའ་མོལ་བྱུང་བ་རེད། འོན་ཀྱང་ད་རེས་གར་ཞྭ་དང་ཁུ་ནུ་ཕྱོགས་ནས་མི་མང་པོ་ཞིག་སླེབས་ཡོད་པ་འདྲ། དེར་བརྟེན་བཀའ་དབང་ཞིག་བྱུང་ན་ལེགས་པ་མེད་དམ་སྙམ་པ་དྲན་བྱུང་། དབང་དེ་ཡང་སྤྱན་རས་གཟིགས་ཀྱི་དབང་དང་། དེའི་ནང་ནས་དག་སྣང་གི་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གཙོ་བོ་ཞལ་གཅིག་ ཕྱག་གཉིས་ཅན་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ལས་བྱུང་བའི་དབང་དེ་ཆོས་འབྲེལ་བྱ་ རྒྱུ་ཡིན། དེ་རིང་གི་བཀའ་དབང་འདི་ཐོབ་སོང་སྙམ་པ་གཅིག་པུ་མིན། ད་རེས་བཀའ་དབང་ཞུས་རྗེས་མཁྱེན་བརྩེ་དབང་པོས་མཛད་པའི་ཐུགས་རྗེ་ཆེན་པོ་འཇིག་ རྟེན་དབང་ཕྱུག་གི་རྒྱུན་འཁྱེར་ཟབ་ལམ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ཞེས་པ་འདི་གཏེར་མཛོད་ནང་ཡོད་པ་རེད། འདི་རྒྱུན་དུ་ཉམས་ལེན་བྱེད་མཁན་ཡིན་ན་འདོན་རྒྱུ་གལ་ཆེན་པོ་མིན། དེ་མིན་རྣམས་ནས་ད་རེས་དབང་ཐོབ་པ་ནས་བཟུང་འདི་འདོན་རྒྱུ་ཁྲལ་ཡིན། དེའི་སྟེང་མ་ཎི་ག་ཚོད་གསོག་ཐུབ་ན་ཡག་པོ་འདུག ཅེས་སོགས་དང་དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་ ཕེབས་དོན། འཛམ་གླིང་འདིའི་ནང་དེ་སྔ་ཆོས་ལུགས་མི་མཐུན་པར་འཁྲུག་རྩོད་བྱུང་བ་དེ་འདྲ་ ཡོང་མྱོང་ཡོད། ཞིབ་ཏུ་བརྟག་དཔྱད་བྱས་ན་འཁྲུག་རྩོད་དེ་དག་ཕལ་ཆེ་བ་དབང་ཆའི་འཐབ་རྩོད་དང་དཔལ་ འབྱོར་གྱི་ཁེ་ཕན་ཆེད་དུ་འཁྲུག་རྩོད་བྱས་ཡོད། འོན་ཀྱང་ཆོས་ལུགས་ཀྱི་མིང་དེ་ཡང་མཉམ་དུ་བསྡུས་པ་དེ་འདྲ་བྱུང་ཡོད། དེ་ལྟ་བུ་ཕྲན་བུ་དེ་རིང་ཁ་སང་ཡིན་ཡང་ཡོང་བཞིན་འདུག ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ནང་ཁུལ་འགལ་བ་དང་འཁྲུག་རྩོད་ཡོང་ རྒྱུ། སྡུག་ས་ནས་བཤད་ན་མི་གསོད་ཁྲག་སྦྱོར་བྱེད་རྒྱུ་དེ་ཧ་ཅང་ཐབས་སྐྱོ་པོ་རེད། མི་གསོད་ཁྲག་སྦྱོང་དང་མི་མཐུན་པའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་པའི་ཐོག་ལ་ཆོས་ ལུགས་ཞེས་པ་དེ་སེམས་ལ་བྱམས་དང་ཞི་བདེ་སྤེལ་རྒྱུའི་སྐད་ཆ་རེད། འོན་ཀྱང་དེ་འཁྲུག་རྩོད་ཀྱི་རྒྱུར་ཕྱིན་ན་ལྷ་བདུད་དུ་བབས་པ་དང་སྨན་དུག་ཏུ་ བསྒྱུར་བ་དང་གཅིག་མཚུངས་ཆགས་པ་རེད། ཧ་ཅག་ཐབས་སྐྱོ་པོ་རེད། དེར་བརྟེན་དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་ཆོས་ལུགས་མཐུན་སྒྲིལ་ཞེས་པ་དེ་ ཧ་ཅང་གལ་ཆེན་པོ་རེད། མིག་དཔེ་ལྟ་ས་དེ་རྒྱ་གར་གྱི་ཆོས་ལུགས་ཁག་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ཆོས་བརྒྱུད་དེ་དག་ལྟ་གྲུབ་མི་འདྲ་བ་ཡོད་པའི་ ཐོག་ནས་ཕན་ཚུན་རྩོད་པ་བྱེད་རྒྱུ་ཡོང་གི་ཡོད། དེ་ནི་ང་ཚོས་ནམ་རྒྱུན་གསུང་རྒྱུན་ཡོད་པ་བཞིན་མཁས་པ་མཁས་པའི་ནང་ནས་མཛེས། ཞེས་པ་ལྟར་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་དགག་གཞག་བྱེད་སྐབས་དེ་ནི་ རྣམ་དཔྱོད་འཕེལ་རྒྱུའི་རྒྱུ་ཡིན་པས་གནས་ཚུལ་ཁག་ཁག་རེད། ཅེས་སོགས་ཆོས་ལུགས་མཐུན་སྒྲིལ་དང་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་དགོས་ པ་སོགས་ཀྱི་སྔོན་འགྲོའི་ཆོས་འབྲེལ་སྩལ་གྲུབ་རྗེས་འཛི་སྒར་རིན་པོ་ཆེ་མཆོག་ གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་བཀའ་དབང་དངོས་གཞི་དབུ་འཛུགས་ ཀྱི་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་དང་། དེ་རྗེས་རིམ་པས་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ལས་བྱུང་བའི་ཐུགས་རྗེ་ཆེན་པོ་ འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་ཆེ་བ་སྩལ། ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་བཀའ་དབང་ཡོངས་སུ་ལེགས་གྲུབ་ཀྱི་མགོན་པོ་གང་ཉིད་མཆོག་ཟངས་མདོག་དཔལ་རིར་ ཆིབས་སྒྱུར་བསྐྱངས་ཏེ་ཉིན་གུང་ལྗགས་སྨིན་དགོན་དེར་མཛད་རྗེས་དབུ་འབྱེད་མཛད་ སྒོའི་ཚོགས་མགོན་དུ་༸ཞབས་སོར་འཁོད་ཡོད།
ཐེངས་འདིའི་བཀའ་ཆོས་ཞུ་བར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ མཆོག་དང་བདེ་སྲུང་བཀའ་བློན་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག གཞན་ཡང་སྤྱི་འཐུས་རྒྱུན་ལས་རྣམས་དང་སྤྱི་འཐུས་གཞན་ཁག་གཅིག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་གཅིག དེ་མིན་ཐེངས་འདིར་གདན་ཞུ་དང་གོ་སྒྲིག་གནང་མཁན་གྱི་དགོན་བདག་འཛི་སྒར་རིན་པོ་ ཆེ་མཆོག་དང་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་རྣམ་གཉིས། དགོན་པ་འདི་གཉིས་ཀྱི་སྐུ་མགྲོན་དང་སྦྱིན་བདག་ཁག་གཅིག གྭར་ཞ་དང་སྤྱི་ཏི། ཁུ་ནུ། སྦིར་དང་ཅོན་ཊ་ར་སོགས་ནས་ཆོས་ཞུར་མི་མང་ཁྱོན་མི་གྲངས་ཁྲི་ཕྲག་བརྒལ་བ་བཅར་ འདུག་པ་བཅས།།