༢༠༡༢ ཟླ་ ༣ ཚེས་ ༢༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༤ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་མཐའ་མར་བཀའ་ཁྲི་མཆོག་གིས་རྒྱལ་སྤྱིའི་ནང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཇི་ཡོད་སྐོར་ལ་གསལ་བཤད་གནང་དོན། སྤྱི་སྙོམས་ཀྱི་གནས་སྟངས་ཐོག་ནས་དོན་ཚན་ཁག་ལྔ་ཙམ་ཡོད། གཅིག་བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་གནས་ཀྱི་ཡོད་པ་ང་ཚོ་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་སྤྱི་འཐུས་མང་པོ་ཞིག་གིས་རྒྱལ་སྤྱིའི་སྡིངས་ཆ་བེད་སྤྱོད་གཏོང་དགོས་ཀྱི་ཡོད་པ་དང་། ད་ལྟའི་སེམས་འཚབ་ལ་བེད་སྤྱོད་བཏང་ཐུབ་ཀྱི་མེད་པའམ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་མི་འདུག་ཅེས་པའི་དགོངས་ཚུལ་གསུང་མཁན་བྱུང་སོང་། མ་འོངས་པའི་གནད་དོན་ཇི་ཆགས་སྐོར་ལ་ཚོད་དཔག་ཐོག་ནས་ཞུས་ན་བསམ་སོང་། གསུམ་པ་དེ་རྒྱ་ནག་ནང་ཆབ་སྲིད་གནས་སྟངས་འགྱུར་བ་གང་འདྲ་འགྲོ་གི་ཡོད། མ་འོངས་པར་འགོ་ཁྲིད་ནང་ཁུལ་ཆབ་སྲིད་ཀྱི་གནད་དོན་ཐོག་འཁྲུག་པོ་ཡོང་ངེས་རེད། སྤྱི་ཡོངས་ནས་རྒྱ་གར་གཙོས་པའི་ཨེ་ཤི་ཡའི་ནང་ཡོང་འགྱུར་ལོ་ཤས་ནང་གནད་དོན་གང་འདྲ་ཆགས་ཀྱི་ཡོད། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བྱེད་དགོས་པ་གང་ཡོད་དེ་འདྲའི་སྐོར་གྱི་དོན་ཚན་ལྔའི་སྐོར་ནས་མདོར་ཙམ་ཞུས་ན་བསམ་སོང་། བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་རྒྱུ་ཡིན་པ་གསལ་པོ་ཞེ་དྲག་དང་། རྒྱུ་མཚན་ཆེ་ཤོས་ནི་རྒྱ་ནག་གི་བཙན་བཟུང་འོག་བོད་དེ་གནས་ཡོད་སྟབས། རྒྱ་ནག་གཞུང་གི་མཁྲེགས་འཛིན་སྲིད་བྱུས་ཀྱིས་བོད་མི་ཚོར་སྡུག་སྦྱོང་གཏོང་བཞིན་པ་དང་། བོད་ནང་རྩ་ཆེའི་རང་སྲོག་བློས་བཏང་སྟེ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་མིར་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་དང་སྒྲོག་མུས་ཡིན། རྒྱ་ནག་གཞུང་གིས་མུ་མཐུད་སྲིད་བྱུས་དེ་ལག་ལེན་བསྟར་བྱས་ན་བོད་མི་ཚོས་ངོ་རྒོལ་རྣམ་པ་དེ་མུ་མཐུད་ཡོང་རྒྱུ་ཡིན་པ་གཞིར་བཞག་ཐོག་ནས་རྒྱལ་སྤྱིའི་ཐོག་ང་ཚོས་བྱེད་རྒྱུ་གང་ཡོད། སྤྱི་འཐུས་མང་པོ་ཞིག་གི་དགོངས་ཚུལ་ཡག་པོ་གསུང་སོང་། དེར་བཀའ་སྤྱི་གཉིས་ཀའི་ཐོག་ནས་བྱེད་རྒྱུ་མང་པོ་ཞེ་དྲག་ཡོད་བསམ་གྱི་འདུག སྤྱིར་ཡོངས་རྒྱལ་སྤྱིའི་བོད་དོན་ཐོག་ལ་རྒྱབ་སྐྱོར་གྱི་རྣམ་པ་ཐོན་ཡོང་གི་ཡོད། རྒྱལ་ཁབ་བཅུ་གཉིས་ཙམ་ནས་བོད་ཀྱི་གནས་སྟངས་ཐོག་སེམས་འཚབ་ཡོད་པའི་གྲོས་ཆོད་འཇོག་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། དཔེར་ན། ཡུ་རོབ་གྲོས་ཚོགས་ནང་གྲོས་ཆོད་བཞག་པ་རེད། ཨ་རི་གྲོས་ཚོགས་ནང་གྲོས་ཆོད་འཇོག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ཨི་ཊ་ལི་གྲོས་ཚོགས་ཀྱི་གྲོད་ཆོད་བཞག་པ་རེད། ཕ་རན་སི་གྲོས་ཚོགས་ནང་གྲོས་ཆོད་འཇོག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། དེ་བཞིན་ཟས་བཅད་ངོ་རྒོལ་བྱེད་མཁན་ཁོང་རྣམ་པ་གསུམ་ཉིན་སུམ་ཅུའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འབྲེལ་མཐུད་མི་སྣས་ཕྱག་བྲིས་ཤིག་གནང་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་ལེན་ཡོད་པའི་རྣམ་འགྱུར་གསལ་སྟོན་བྱས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆ་བེད་སྤྱོད་གཏོང་རྒྱུར་བཀའ་ཤག་ངོས་ནས་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕེལ་ཕྱོགས་དེས་བོད་དོན་ཐོག་ཕན་འབྲས་ཇི་བྱུང་གི་གནས་སྟངས་སྐོར་ལ་གསལ་འདེབས་ཞིབ་རྒྱས་གནང་ཡོད་པ་བཅས། །
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་མཐའ་མར་བཀའ་ཁྲི་མཆོག་གིས་གསལ་བཤད་གནང་བ།
གསར་གནས།
འབྲེལ་གནས།