༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་མདོ་སྨད་ཛམ་ཐང་ནས་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་ཁོང་གིས་བོད་ཆོལ་ཁ་གསུམ་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ནས་ངེས་པར་དུ་ཆིག་སྒྲིལ་བྱེད་རོགས། གལ་སྲིད་བོད་སྤྱི་པའི་དོན་དག་སྒྲུབ་མ་ཐུབ་རུང་། བོད་ལ་གནོད་པའི་ལས་དོན་མ་སྤེལ་རོགས། ནང་རྐུན་དང་ནང་འཛིང་མ་བྱེད་རོགས། བོད་ཀྱི་སྐད་ཡིག་དང་། བོད་ཆས་སོགས་བོད་ཀྱི་རིགས་གཞུང་ལ་ངེས་པར་དུ་བདག་པོ་རྒྱག་རོགས།”༼ཞལ་ཆེམས་འདི་ཁོང་གི་ཚིག་འགྲོས་ནང་བཞིན་མིན་ཡང་དོན་དག་དེ་འདྲ་རེད་ཅེས་བོད་ནས་མཁོ་སྤྲོད་པས་གསུངས་པ་གཞིར་བཞག་ནས་བྲིས།༽ཞེས་སོགས་ཀྱི་ཞལ་ཆེམས་ཤིག་བཞག་ཡོད་པ་དེ་དེང་སྐབས་ས་གནས་མང་ཚོགས་ཀྱིས་ལག་ལེན་བསྟར་རྒྱུའི་དམ་བཅའ་འཇོག་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ཉེ་ཆར་ཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་རྒྱལ་གཅེས་པ་སྣང་གྲོལ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་རྗེས་ཁོང་གིས་བོད་ཆོལ་ཁ་གསུམ་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ནས་ངེས་པར་དུ་ཆིག་སྒྲིལ་བྱེད་རོགས། གལ་སྲིད་བོད་སྤྱི་པའི་དོན་དག་བསྒྲུབ་མ་ཐུབ་རུང་། བོད་ལ་གནོད་པའི་ལས་དོན་མ་སྤེལ་རོགས། ནང་རྐུན་དང་ནང་འཛིང་མ་བྱེད་རོགས། བོད་ཀྱི་སྐད་ཡིག་དང་། བོད་ཆས་སོགས་བོད་ཀྱི་རིགས་གཞུང་ལ་ངེས་པར་དུ་བདག་པོ་རྒྱག་རོགས།” ཞེས་ཞལ་ཆེམས་བཞག་ཡོད་པ་དེ་བཞིན་ཛམ་ཐང་རྫོང་ཁུངས་ཡོངས་ལ་ཁྱབ་པར་བརྟེན། ས་གནས་མང་ཚོགས་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ། ཕྱི་ཚེས་ ༡༩ ནས་བཟུང་ད་བར་དུ་ཆད་མེད་ཉིན་རེར་མི་ཆིག་སྟོང་ནས་ཉིས་སྟོང་ལྷག་གིས་མ་བསྐུལ་དང་ལེན་ཐོག་འདས་པོ་སྣང་གྲོལ་ལགས་ཀྱི་ནང་དུ་ཕེབས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་དང་། འདས་པོ་སྣང་གྲོལ་ལགས་ཀྱི་འདྲ་པར་མདུན་དུ་ཉིན་དེ་ནས་བཟུང་ནང་རྐུན་དང་། ནང་འཛིང་། ནང་རུལ་སོགས་མི་བྱེད་རྒྱུའི་དམ་བཅའ་འབུལ་བཞིན་ཡོད་འདུག་ལ། ད་བར་དུ་དམ་བཅའ་འབུལ་བར་ཕེབས་མཁན་གྱི་དགོན་སྡེ་དང་ཚོ་པའི་མིང་གཤམ་གསལ།
དགོན་སྡེ་ཁག ཛམ་ཐང་གཙང་བ་གྲྭ་ཚང་། ཛམ་ཐང་ཆོས་རྗེ་གྲྭ་ཚང་། ཛམ་ཐང་ཚེས་བཅུ་གྲྭ་ཚང་། ཆོས་སྒར་གོང་མ་དགོན། ཤུ་ནང་དགོན་པ། ཆོས་ཐང་དགོན་པ།༼དགོན་སྡེ་འདི་དག་ནི་ཆོས་ལུགས་ཇོ་ནང་ཡིན།༽ གསང་ལུང་དགོན། ཁང་ཤོག་དགོན། ཁང་དམར་དགོན་༼དགོན་སྡེ་འདི་དག་ནི་ཆོས་ལུགས་རྙིང་མ་ཡིན།༽ སོགས་དང་།
སྟོད་མ་ཡུལ་ཚོ་ནས། ཕུར་རྩ་ཚོ་བ། རིན་ཕུང་ཚོ་བ། ཤུ་མདའ་ཚོ་བ། ཚ་ཀ་ཚོ་བ།
བར་མ་ཡུལ་ཚོ་ནས། གཙང་སྡེ་ཚོ་བ། ཆོས་རྗེ་ཚོ་བ། ཡུལ་བ་ཚོ་བ། གཙང་འགབ་མ་ཚོ་བ། མཛོ་གི་ཚོ་བ།
ཀ་ཏོག་ཡུལ་ཚོ་ནས། ཀ་ཏོག་ཚོ་བ། འཛི་སྲིབ་ཚོ་བ། ར་ཝོབ་ཚོ་བ། བསེ་སྐོར་ཉིན་མ་ཚོ་བ། བསེ་སྐོར་སྲིབ་མ་ཚོ་བ། ཤུག་ནང་ཚོ་བ། ཤུག་མདའ་ཚོ་བ།
ན་མདའ་ཆུས་ནས། ན་མདའ་གྲོང་བ། དགོན་པ་ཚོ་བ། རྩི་མདའ་ཚོ་བ། ཁང་ཤོག་ཚོ་བ། ཁང་དམར་ཚོ་བ། བྱ་ཡུལ་ཚོ་བ། མདུན་གསུམ་ཚོ་བ། བསུ་མདའ་ཚོ་བ། གདོང་ལེ་ཚོ་བ། འུག་ཆུང་ཚོ་བ། བདེ་ལུང་ཚོ་བ། ཨ་མཁར་ཚོ་བ། གེ་ཕན་ཨ་སིག་ཚོ་བ།
རྫོང་མདའ་ཡུལ་ཚོ་ནས། བཀྲ་སྐོར་ཚོ་བ། ཀྱ་ལ་ཚོ་བ། སྤང་ཐོག་ཚོ་བ། ཨ་སྨིན་ཚོ་བ། སྒེ་ཁང་མདོ་ཚོ་བ།
རྡོ་ཁོག་ཆུས་ནས། མེ་མདའ་ཚོ་བ། གསེར་མཁར་ཚོ་བ། དགྲ་བླ་ཚོ་བ། དཀའ་མདའ་ཚོ་བ།
དཀའ་མདའ་ཡུལ་ཚོ་ནས། དབུ་ལ་ཚོ་བ། ར་བུ་ཚོ་བ། ར་གྲི་ཚོ་བ། ཀུལ་མི་ཚོ་བ། དགོན་པ་ཚོ་བ།
དབུས་མདའ་ཡུལ་ཚོ་དང་ལྷ་སྐོར་ཡུལ་ཚོ་སོགས་ཡིན་ལ། གོང་འཁོད་དག་ལས་ད་བར་དུ་མི་ཁྲི་ཕྲག་ཁ་ཤས་ཤིག་གིས་དམ་བཅའ་ཕུལ་ཟིན་ཡོད་འདུག
ད་སྐབས་ས་གནས་སུ་མི་མང་པོས་ཁོང་ནི་བྱང་ཆུབ་སེམས་དཔའ་རང་རེད། ད་བར་དུ་ཛམ་ཐང་ལ་བླ་མ་སྐྱེས་ཆེན་དམ་པ་འདི་འདྲ་མང་པོ་ཞིག་ཕེབས་ཀྱང་། འདི་ལྟ་བུའི་མིའི་སེམས་ཁམས་བསྒྱུར་ཐུབ་མཁན་ཞིག་བྱུང་མ་མྱོང་ཞེས་སོགས་བརྗོད་བཞིན་ཡོད་འདུག
༼གོང་འཁོད་ཚོ་བ་རྣམས་ཀྱི་མིང་གི་དག་ཆ་ཏག་ཏག་འགྲིག་མིན་གསལ་བོ་ཞིག་ཤེས་མ་སོང་། ནོར་ཡོད་ན་ལམ་སྟོན་གནང་རོགས། མཆན།༽
དོགས་གནས་ཡོད་ན་གཤམ་གསལ་ཁ་པར་ཨང་གྲངས་ལ་འབྲེལ་བ་བྱེད་རོགས། 9882603991 / 8679044405
རྒྱལ་གཅེས་པ་དམ་པ་སྣང་གྲོལ་ལགས་ཀྱི་ཞལ་ཆེམས་ལག་ལེན་བསྟར་རྒྱུའི་དམ་བཅའ་འཇོག་བཞིན་ཡོད་འདུག
གསར་གནས།
འབྲེལ་གནས།