༢༠༡༢ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཨ་མདོ་རེབ་གོང་རྨ་ལྷོ་ཁུལ་དུ་བསོད་ནམས་དར་རྒྱལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་འདུག
དེ་ཡང་རྒྱལ་གཅེས་དཔའ་བོ་ཁོང་གི་མིང་གཞན་ལ་བསོད་ལེ་ཞུ་བ་དང་རང་ལོ་ ༤༣ ཡིན་འདུག ཁོང་ནི་རེབ་གོང་ཤྭ་བྲང་སྡེ་བ་ན་ཡིན་ལ། ཁོང་གི་ཕ་འདས་གྲོངས་སུ་གྱུར་འདུག མ་མིང་ལ་ལྕགས་མོ་རྒྱལ་དང་ཕྲུ་གུ་གསུམ་གྱི་ཕ་ཡིན་འདུག ཁོང་གིས་དེ་རིང་ཞོགས་པ་རེབ་གོང་རོང་བོ་དགོན་ཆེན་གྱི་འགྲོ་ལམ་དུ་ཡོད་པའི་ཀླུ་རྒྱལ་ཚོང་ཁང་གི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག་པས་ཁོང་གི་སྐུ་ཕུང་རོང་བོ་དགོན་པའི་ཉེ་འགྲམ་དུ་འཁྱེར་ཏེ་སྨོན་ལམ་གསུང་འདོན་གནང་བཞིན་ཡོད་འདུག་ལ་རོང་བོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་ཤ་ཁྲག་གཅིག་པའི་བོད་མི་མང་པོ་འཛོམས་ནས་སྨོན་ལམ་གསུང་མུས་ཡིན་པ་མ་ཟད། ད་དུང་བོད་མི་མང་པོ་ཞིག་གནས་དེར་འཛོམས་བཞིན་ཡོད་འདུག་པའི་གནས་ཚུལ་ཐོན་འདུག