༢༠༡༢ ཟླ་ ༣ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༠༧ ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌར་ཆིབས་སྒྱུར་གྱིས་མཛད་འཕྲིན་རྒྱ་ཆེ་བསྐྱངས་སྐབས་ཁེ་ན་ཌའི་སྲིད་བློན་སི་ཊི་ཕིན་ཧར་པར་མཆོག་ལ་མཐའ་མཚམས་ཁག་ཏུ་གནས་པའི་དཀའ་ངལ་ཅན་གྱི་སྐྱབས་བཅོལ་བོད་མི་གང་འཚམས་ཤིག་ཁེ་ན་ཌར་གཞིས་ཆགས་ཀྱི་ངོ་བོར་ལེན་ཐབས་འབོད་སྐུལ་མཛད་པ་བཞིན་སྲིད་བློན་མཆོག་དང་ཁོང་གི་གཞུང་ཕྱོགས་ནས་དམིགས་བསལ་ཐུགས་འགན་བཞེས་ཏེ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ནང་ཁེ་ན་ཌ་གཞུང་ཕྱོགས་ནས་བོད་མི་ཆིག་སྟོང་ཨ་རུ་ན་ཅལ་ཁོངས་ནས་ལེན་རྒྱུའི་ཐག་གཅོད་དང་གསལ་བསྒྲགས་གནང་ཡོད། དེ་རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༡ ནང་ཁེ་ན་ཌའི་གཞུང་ཕྱོགས་ནས་སྔོན་འགྲོའི་རྟོག་ཞིབ་སླད་ཨ་རུ་ན་ཅལ་ཁུལ་བསྐྱོད་ཡོད་པའི་ནང་ཁེ་ན་ཌ་གཞུང་གི་ཆབ་སྲིད་འགན་འཁུར་བ་ཞིག་དང་སྨན་པ་ཞིག གཞིས་སྤོས་འགན་འཛིན་དང་ཕྱག་རོགས་རྣམས་ལ། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་འབྲེལ་བ་ཐོག་མ་བྱུང་བ་བཞིན་ཁོང་ཚོར་ཕྱག་རོགས་ཤིག་དགོས་པར་བརྟེན། ནང་སྲིད་དྲུང་ཆེ་བཅར་ནས་ཁོང་རྣམས་ཏི་ཛུ་གཞིས་ཆགས་སུ་ཕེབས་ཏེ་བོད་མི་ཆིག་སྟོང་ཐམ་པ་ཇི་ལྟར་ལེན་དགོས་མིན་དང་གཞིས་ཆགས་དེ་དག་ནས་བོད་མི་ཇི་ཙམ་འགྲོ་འདོད་ཡོད་མེད་སོགས་ཀྱི་ཐད་ལ་རྟོག་ཞིབ་གཟབ་ནན་གནང་ཡོད། སྐབས་དེར་གཞིས་མི་ཚོས་ཁོང་རྣམས་ལ་ནང་མི་རེ་ནས་མི་རེ་ལེན་ཐུབ་ཚེ་ཕན་ཐོགས་ཆེ་བའི་སྐོར་ཞུས་ཡོད་ཀྱང་ཁེ་ན་ཌའི་གཞུང་གི་སྲིད་བྱུས་ནང་གཞིས་སྤོ་བྱེད་སྐབས་ནང་མི་ཆ་ཚང་ལེན་དགོས་པ་ལས་མི་གཅིག་ལེན་རྒྱུ་དེ་འདྲ་རྩ་བ་མེད་ལུགས་འགྲེལ་བརྗོད་གནང་ཡོད།
བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོ་ལེན་ཕྱོགས་ཐད་ཁེ་ན་ཌ་གཞུང་ནས་ཁེ་ན་ཌར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཚོར་འབྲེལ་ལམ་གནང་སྟེ་བོད་ཀྱི་ལས་འཆར་ཚོགས་པ་ཞེས་པ་ལས་གཞིའི་ཐོག་དམིགས་བསལ་ཚོགས་པ་ཞིག་ཀྱང་ཟུར་བཙུགས་གནང་སྟེ་ཚོགས་པ་དེས་ཁེ་ན་ཌ་གཞུང་དང་འབྲེལ་ལམ་བྱེད་རྒྱུ་དང་བོད་མི་རྣམས་ཁེ་ན་ཌར་འབྱོར་རྗེས་ལོ་གཅིག་རིང་མགོ་འདོན་འཚོ་སྐྱོང་སླད་སྡོད་ཁང་དང་ལས་ཀ་དེ་མིན་སྦྱིན་བདག་སོགས་འཚོལ་རོགས་བྱེད་རྒྱུ་ཡིན་པ་ལས་ཁེ་ན་ཌ་གཞུང་ཕྱོགས་ནས་གཞིས་སྤོ་ཆོག་པའི་མཐོང་མཆན་གནང་བ་ཙམ་ལས་དེ་མི་མཐུན་རྐྱེན་གང་ཡང་གནང་གི་མེད། རྒྱ་གར་ནང་ལས་གཞི་འདིའི་ཐོག་ཁེ་ན་ཌ་བོད་ཀྱི་ལས་འཆར་ཚོགས་པར་རོགས་རམ་ཆ་ཚང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཞུ་རྒྱུ་ཡིན་འདུག
དེ་ལྟར་བོད་མི་ཆིག་སྟོང་གཞིས་སྤོ་བྱ་རྒྱུའི་ལས་གཞིའི་ཐོག་ཕྱག་ལས་གནང་མཁན་གྱི་ཚོགས་ཆུང་ཟུར་དུ་བཙུགས་ཡོད་པར། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང་། ཁེ་ན་ཌའི་བོད་ཀྱི་ལས་འཆར་ཚོགས་པའི་འགན་འཛིན། བསྟན་འཛིན་སྒང་དང་མེའོ། ཏི་ཛུ་བཅས་བོད་མིའི་གཞིས་ཆགས་དེ་གསུམ་གྱི་སྐུ་ཚབ་རེ་ལས་གྲུབ་པའི་ཚོགས་པ་དེས་ལས་གཞི་དངོས་སུ་འགོ་བཙུགས་ཟིན་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༨ ཉིན་ཏི་ཛུ་དར་རྒྱས་གླིང་དང་ཊུ་ཊིན། བསྟན་འཛིན་སྒང་དང་འབུམ་སྡེ་ལ། མེའོ་ཆོས་འཕེལ་གླིང་བཅས་སུ་འགེང་ཤོག་འགྲེམས་སྤེལ་གནང་ཡོད། འགེང་ཤོག་བཀང་ཟིན་རྗེས་མི་འགྲོ་འདེམས་སྒྲུག་ཐད་ཞིབ་འཇུག་གནང་རྒྱུ་དང་གཞིས་ཆགས་ཁག་གི་མི་འབོར་ལ་ཞིག་པའི་ཆ་བགོས་གནང་སྟེ་ལོ་ལྔའི་ནང་གཏོང་ཐུབ་པ་གནང་རྒྱུ་རེད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༠ ཉིན་ནང་སྲིད་ལས་ཁུངས་ཀྱིས་ཨ་རུ་ན་ཅལ་གཞིས་ཁོངས་ནས་བོད་མི་སྟོང་ཕྲག་གཅིག་ཕྱི་ལོ་ ༢༠༡༦ ནང་ཚུད་ལོ་ལྔའི་ནང་གཏོང་ལེན་བྱ་རྒྱུའི་གཞུང་འབྲེལ་རྩ་འཛིན་ཡིག་ཆ་ཞིག་གཏན་འབེབས་གནང་ཡོད་པའི་ནང་གསལ་ཁེ་ན་ཌའི་གཞིས་ཆགས་སུ་གཏོང་རྒྱུའི་མི་འགྲོའི་ཁོངས་སུ་ཚུད་རྒྱུར་ཚང་དགོས་པའི་གལ་ཆེའི་ཆ་རྐྱེན་ཁག་གཤམ་གསལ།
༡༽མི་གྲངས་ ༡༠༠༠ ལས་མ་བརྒལ་བའི་མི་འགྲོ་གཏན་འབེབས་དེའི་ཐད་གཞིས་ཆགས་སོ་སོའི་དེབ་འཁོད་མི་འབོར་ལ་གཞིགས་པའི་གྲངས་ཚད་གཏན་འབེབས་བྱ་རྒྱུ།
༢༽ མི་འགྲོ་གང་ཞིག་བོད་མི་སྐྱབས་བཅོལ་བ་ཡིན་དགོས། ༼སྐྱབས་བཅོལ་ལག་འཁྱེར་དང་དཔྱ་ཁྲལ་ལག་དེབ་གཉིས་ལ་ཆ་འཛིན་བྱ་རྒྱུ་དང་ལོ་ཚད་མ་ལོན་པར་ལག་དེབ་མེད་རིགས་ལ་ཕ་མ་གཉིས་ཀྱི་སྐྱབས་བཅོལ་ལག་འཁྱེར་དང་དཔྱ་ཁྲལ་ལག་དེབ་གཉིས་ལ་ཆ་འཛིན་བྱ་རྒྱུ༽
༣༽ མི་འགྲོ་གང་ཞིག་གཞིས་ཆགས་གང་རུང་གི་སྒྲིག་ཁུངས་སུ་ཡིན་པ་གཞིས་ཆགས་ཀྱི་མིང་གཞུང་མ་དེབ་ནང་མིང་ཐོ་ཡོད་པ་དང་གཞིས་ཆགས་ནང་ཕྱི་ལོ་ ༢༠༡༠།༡༢།༡༨ སྔོན་ནས་དང་། དེའི་རྗེས་སུ་མུ་མཐུད་དེ་གཞིས་ཁོངས་སུ་ཡོད་པ་ཞིག་ཡིན་དགོས།
༤༽དོ་བདག་གི་ངོས་ནས་ཁེ་ན་ཌ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་དང་། ནག་ཉེས་ལས་ཀ་བྱ་དོགས། དེ་སྔ་འགྲོ་བ་མི་རིགས་ལ་མནར་གཅོད་བཏང་བའི་ལོ་རྒྱུས་ཡོད་རིགས། ཁྲིམས་འགལ་བྱ་དོགས་དང་ནད་གཅོང་ཅན། རང་ཉིད་ཀྱི་ལོ་རྒྱུས་རྫུན་བསྒྲིགས་བྱས་ཏེ་ཁེ་ན་ཌར་འཚང་འཛུལ་བྱ་ཐབས་བྱེད་མཁན་སོགས་མ་ཡིན་པ།
༥༽མི་འགྲོ་གང་ཞིག་གི་བཟའ་ཟླ་དང་རང་ལོ་ ༡༨ མན་གྱི་བུ་ཕྲུག་ཁོ་ན་ལས་གཞན་གང་ཡང་འདོད་གཅིག་ནང་མིར་མི་བརྩི།
༦༽མི་འགྲོ་རང་ཉིད་ལ་ཁེ་ན་ཌའི་ནང་འཚོ་རྟེན་ཐབས་བྱུས་སྐྲུན་ཐུབ་པའི་ནུས་པ་ལྡན་པ་ཞིག་ཡིན་པ།
༧༽ཁེ་ན་ཌར་གཞིས་ཆགས་སུ་རྡོག་ཐོན་རིགས་ཀྱི་གཞིས་སྐལ་ས་ཁང་གཉིས་ཀ་གྲོང་སྡེའི་བརྒྱ་དཔོན་བརྒྱུད་ས་གནས་ས་ཁང་ཚོགས་ཆུང་ལ་ཀ་ཀོར་གླེང་མེད་ཐོག་རྩིས་འབུལ་བྱ་དགོས།
༨༽ས་གནས་འགོ་འཛིན་ལས་ཁུངས་དང་། བོད་མིའི་མཉམ་འབྲེལ་ལ་བུ་ལོན་འཇལ་དགོས་པ་མ་ཡིན་པ།
༩༽ཕྱི་རྒྱལ་ཡུལ་གྲུ་ཞིག་ཏུ་ནང་མི་ཟླ་བསྒྲིལ་གྱི་ལས་རིམ་ནང་ཡོད་རིགས་ལ་ཐེངས་འདིའི་གོ་སྐབས་མི་ཐོབ།
༡༠༽ ནང་སྲིད་ལས་ཁུངས་ནས་མི་འགྲོ་འདེམས་ཐོན་ཁོངས་སུ་ཚུད་རིགས་ལ་དགོས་མཁོའི་ཡིག་ཆ་ཁག་ཞུ་སྟངས་ཀྱི་རྒྱུས་སྟོན་གྱི་མཐུན་འགྱུར་ཞུ་རྒྱུ་ལས། དེ་མིན་མཐོང་མཆན་ཞུ་རྒྱུ་དང་སྨན་པའི་བརྟག་དཔྱད། ལམ་གྲོན་སོགས་ཀྱི་འགྲོ་གྲོན་ཡོངས་རྫོགས་མི་འགྲོ་རང་ཉིད་ནས་རྒྱག་རང་ཁུར་བྱ་དགོས་པ་བཅས་ཀྱི་རྩ་འཛིན་འདོན་སྤེལ་གནང་འདུག
ད་དུང་ཞིབ་ཕྲ་ཤེས་འདོད་པ་ཚོས་ www.cic.gc.ca དྲ་རྒྱའི་ནང་དུ་ནང་མི་གཞིས་སྤོས་གནས་ཚུལ་དེ་ཡང་ Temporary Public Policy Concerning Tibetans Living in the State of Arunachal Pradesh in India ཞེས་པར་གསལ་བས་གཟིགས་པ་ཞུ། །
རིང་མིན་ལོ་ལྔའི་ནང་ཚུད་ལ་བོད་མི་སྟོང་ཕྲག་གཅིག་ཁེ་ན་ཌར་གཏོང་རྒྱུ་ཡིན་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)