༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས་སུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་བཀའ་བསྡུར་ཞུས་པ་དང་བཀའ་སློབ་ཇི་གནང་གཞི་རྩར་བཟུང་སྟེ་ ༢༠༡༢ ཟླ་ ༧ ཚེས་ཤར་ནས་ཟླ་བ་ ༡༡ པའི་མཇུག་བར་བོད་རིགས་ན་གཞོན་ཆེས་མཐོའི་གཙུག་ལག་སློབ་གྲྭ་འམ་མཐོ་སློབ་ཐོན་པའི་ལག་འཁྱེར་ཡོད་པ་རྣམས་ལ་དམིགས་བསལ་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུའི་དགོས་འདུན་དང་ཆ་རྐྱེན་གཤམ་གསལ།
༡༽ དམིགས་བསལ་ཟབ་སྦྱོང་འདིའི་དགོས་འདུན་ནི་ཟབ་སྦྱོང་ཐོན་ནས་ལས་བྱེད་དུ་གསར་བསྐོ་བྱུང་རིགས་རྣམས་བོད་དབྱིན་རྩིས་གསུམ་དང། གློག་ཀླད་བེད་སྤྱོད་བྱེད་སྟངས་བོད་མིའི་དགོས་འདུན་དང་འབྲེལ་ཡོད་ཆབ་སྲིད་གནས་སྟངས་བཅས་ཀྱི་ཐོག་རང་འགོ་ཐོན་པའི་ཤེས་ཚད་ཀྱི་ཕྱུག་པ་ཡོང་ཐབས་ཡིན། ཟབ་སྦྱོང་དུ་འཛུལ་ཞུགས་བྱ་བློ་ཡོད་པ་སོ་སོས་སྟབས་བདེ་ཀམ་སྤུ་ཊར་(laptop) རེ་ངེས་པར་དུ་མཉམ་འཁྱེར་དགོས། མེད་རིགས་ནས་ཐབས་འཚོལ་ངེས་པར་བྱེད་དགོས།
- རང་ཉིད་ཆེས་མཐོའི་གཙུག་ལག་སློབ་གྲྭ་འམ་མཐོ་སློབ་ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
- རང་ཉིད་བོད་མི་ཡིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་འབུལ་འབབ་ཆད་མེད་ཕུལ་ཡོད་པའི་དཔང་རྟགས་ཡོད་པ།
- རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་འཁྱེར་རམ་ཡིག་ཆ་ཚད་ལྡན་ཡོད་པ།
- རང་ཉིད་སྤྱི་སྒེར་གང་རུང་གི་ལས་བྱེད་ཡིན་ན་ཟབ་སྦྱོང་དུ་འཛུལ་ཞུགས་དང་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དུ་འཚུད་ན་འཛུལ་ཞུགས་བྱ་རྒྱུར་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་ཡིག་ཐོག་ཏུ་ཡོད་དགོས།
- གོང་གསལ་དོན་ཚན་༼ཀ་ནས་ང་༽བར་གྱི་ཡིག་ཆ་ཁག་གི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་འཁོད་པ་དང༌། རང་ཉིད་ཀྱི་མིང་རྟགས་འཁོད་པའི་འཚང་སྙན་བཅས་ ༢༠༡༢ ཟླ་ ༠༥ ཚེས་ ༣༡ སྔོན་ལས་བྱེད་འདེམས་ལྷན་དུ་ཕུལ་འབྱོར་བྱུང་ན་རབ་དང༌། དེ་མིན་ཚང་སྙན་དང་དགོས་ངེས་ཡིག་ཆ་འབྱོར་ཚེས་མཐའ་མ་འདིར་གློག་འཕྲིན་ ([email protected]) ཡང་ན་མྱུར་འཕྲིན་ (fax:01892-226240) དེ་མིན་དེབ་སྐྱེལ་སྦྲག་ཐོག་གཤམ་གསལ་ཁ་བྱང་ཐོག་ངེས་འབྱོར་ཐུབ་པ་གཏོང་དགོས།
༢༽ ཆ་རྐྱེན་ཚང་བའི་འཚང་སྙན་དུས་ཐོག་ཕུལ་འབྱོར་རྣམས་ ༢༠༡༢ ཟླ་ ༠༧ ཚེས་ ༠༡ ཞོགས་པ་ཚོུད་ ༨ ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་སྔོན་འགྲོའི་ཞིབ་བཤེར་དུ་ངོ་བཅར་དགོས་ཤིང༌། དེའི་སྐབས་གོང་གསལ་ ཀ་ ནས་ ང་ བར་གྱི་ཤེས་ཚད་ལག་འཁྱེར་ངོ་མ་དང་དགོས་ངེས་ཡིག་ཆ་གཞན་ཁག་ངོ་མ་བཅས་མིག་སྟོན་ ཆེད་མཉམ་འཁྱེར་དགོས། དེ་རྗེས་ཟབ་སྦྱོང་པ་སོ་སོ་ནས་གཏའ་མ་ཧིན་སྒོར་ཆིག་ཁྲི་ཐམ་པ་ལས་བྱེད་འདེམས་ལྷན་དུ་འབུལ་འཇོག་བྱེད་དགོས། དེ་ནས་སློབ་མ་རྣམས་རེ་རེ་བཞིན་བོད་དབྱིན་གཉིས་དང་གློག་ཀླད་བཅས་ཀྱི་ཐོག་ངོ་འཕྲད་ངག་རྒྱུགས་ཞིབ་ཕྲ་ལེན་རྒྱུ་ཡིན་པར་གྲ་སྒྲིག་དགོས། ཟབ་སྦྱོང་རེ་ཟུང་ནས་ཚུལ་མཐུན་དགོངས་ཞུ་སོགས་མེད་པར་ཟབ་སྦྱོང་ནས་རང་འཚམ་ ཕྱིར་ཐོན་བྱེད་པའམ་བར་མཚམས་བཞག་པ་སོགས་བྱུང་ན་གཏའ་འཇོག་དངུལ་འབོར་དེ་དག་ཕྱིར་སློག་བྱ་རྒྱུ་མིན་ཅིང༌། འོན་ཀྱང་གློ་བུར་དུ་ནད་མནར་གྱིས་ཚད་ལྡན་སྨན་པའི་ངོས་སྦྱོར་ཡོད་པ་དང༌། ཟློག་ཐབས་མེད་པའི་དཀའ་ངལ་གཞན་འཕྲད་རིགས་བྱུང་ཚེ་སྐབས་མཚམས་ཞིབ་འཇུག་བསམ་ཞིབ་བྱ་རྒྱུ། དེ་མིན་ཟབ་སྦྱོང་གི་འགོ་མཇུག་བར་གསུམ་དུ་ཚུལ་མཐུན་བཟང་སྤྱོད་ཀྱི་རྣམ་པ་སྟོན་མཁན་རྣམས་རྗེས་སུ་ལས་བྱེད་དུ་འདེམས་བསྐོ་མ་བྱུང་ཡང་ཟབ་སྦྱོང་མཇུག་བསྒྲིལ་མཚམས་གོང་གསལ་གཏའ་འཇོག་དངུལ་འབོར་གྲངས་ཚང་ཕྱིར་སློག་བྱ་རྒྱུ་ཡིན།
༣༽ ཟབ་སྦྱོང་དུ་འཚུད་པའི་སློབ་མ་རྣམས་ལ་ཟླ་རེར་ལག་གྲོན་གཏོང་དམིགས་གནང་རྒྱུ་ཡང༌། སློབ་མ་རང་ཉིད་ཟབ་སྦྱོང་དུ་ཡོང་སྐབས་ཀྱི་ལམ་གྲོན་དང༌། རྗེས་སུ་ལས་བྱེད་གསར་འདེམས་ཁོངས་སུ་མ་ཚུད་པར་ཕྱིར་ལོག་བྱ་དགོས་བྱུང་ཚེ་དེའི་སྐབས་ཀྱི་ལམ་གྲོན་སོགས་དོ་བདག་སོ་སོ་ནས་གཏོང་དགོས་པ་ཡིན།
༤༽ ཟབ་སྦྱོང་ཐོན་མཚམས་ལས་བྱེད་དུ་འདེམས་བསྐོ་བྱུང་ན་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དང། བློན་ཆེན་ལས་ཁུངས་ཁག རང་དབང་ཅན་གྱི་ལས་ཁུངས་ཁག་བཅས་གང་དུ་ལས་ཀ་བྱེད་འདོད་ཡོད་པ་ལས་ཁུངས་དེའི་ངོ་བོ་དང་ལས་འགན་ཤེས་རྟོགས་ངེས་པར་དགོས་ཤིང༌། ངོ་འཕྲད་ངག་རྒྱུགས་སྐབས་སློབ་མ་ཞིག་ཆེས་མཐོའི་གཙུག་ལག་སློབ་གྲྭ་འམ་མཐོ་སློབ་ཨང་རིམ་དང་པོ་སོན་པའི་ལག་འཁྱེར་ཡོད་ན་དམིགས་བསལ་ཨང་ཐོབ་ ༨ དང༌། རིག་གནས་གང་རུང་ཞིག་ལ་སློབ་སྦྱོང་འཕར་མ་བྱས་པའི་ལག་འཁྱེར་ཡོད་ན་ཨང་ཐོབ་ ༢ སྤྲོད་རྒྱུ་ཡིན་པ་ཟབ་སྦྱོང་དུ་ཚུད་རྒྱུར་དགེ་ཕན་ཡོང་ངེས།
༥༽ ཟབ་སྦྱོང་དུ་སློབ་འཁྲིད་བྱས་པ་གཞི་རྩར་བཟུང་སྟེ་ལས་བྱེད་གསར་བསྐོའི་འབྲི་རྒྱུགས་དང། ཕྱོགས་མཚུངས་རང་གི་འདོད་མོས་ཅན་གྱི་ལས་ཁུངས་དེའི་ངོ་བོ་དང་ལས་འགན་སྐོར་ལ་ཡང་ཡིག་རྒྱུགས་གཏོང་རྒྱུ་ཡིན་པར་དེ་དོན་གྲ་སྒྲིག་བྱེད་དགོས། ཟབ་སྦྱོང་དང་འབྲེལ་བའི་ཡིག་རྒྱུགས་གྲུབ་འབྲས་ལེགས་སོན་བྱུང་རིགས་ལ་ཨང་ཐོབ་ཁྱོན་བསྡོམས་ཀྱི་རྒྱ་ཆ་ ༥ དང༌། ཟབ་སྦྱོང་ཐོན་པའི་ཡིག་རྒྱུགས་ཨང་ཐོབ་རྩེ་ཕུད་སོན་པ་རྣམས་ལ་ཁྱོན་བསྡོམས་ བརྒྱ་ཆ་ ༧ བཅས་ཐོབ་རྒྱུ་ཡིན། ཨང་ཐོབ་འདི་གཉིས་ལས་བྱེད་གསར་བསྐོའི་ཡིག་རྒྱུགས་ཀྱི་ཨང་ཐོབ་བརྒྱ་ཆའི་སྟེང་སྣོན་རྒྱུ། ༦ ཟབ་སྦྱོང་སློབ་འཁྲིད་གནང་མཁན་མང་ཆེ་བ་བོད་མིའི་སྤྱི་ཚོགས་ཁྲོད་ནས་གོ་སྒྲིག་བྱེད་རྒྱུ་དེ་ལྟར་ཡང༌། སློབ་ཚན་གཙོ་གལ་ཆེ་རིགས་ལ་སློབ་འཁྲིད་དང་གཏམ་བཤད་གནང་མཁན་ཕྱི་ནང་ཁྱད་ལས་པ་ཁག་གོ་སྒྲིག་བྱ་རྒྱུ།
༦༽ ཟབ་སྦྱོང་དང་ལས་བྱེད་གསར་སྐོའི་ཡིག་རྒྱུགས་ལེགས་འཕྲོད་བྱུང་རིགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གནས་དྲུང་གཞོན་ལས་རོགས་དང་དེ་མན་གྱི་གནས་རིམ་དུ་སྒྲིག་གསལ་ལྟར་ཡིག་རྒྱུགས་གྲུབ་འབྲས་ཨང་རིམ་རྩེ་གཏོག་གིས་ཟླ་ ༦ ཚོད་བལྟར་བསྐོ་གཞག་བྱ་རྒྱུ་དང༌། ཚོད་དུས་ནས་ཟླ་ ༣ རིང་ཕྱོགས་མཐར་ཉམས་མྱོང་གསོག་བྱེད་ངེས་པར་འགྲོ་དགོས་པ་ཡིན།
༧༽ཟབ་སྦྱོང་གི་སློབ་ཚན་གཙོ་བོ་ཁག
- བོད་ཡིག་གི་གནས་ཚད་གོང་འཕེལ་གྱི་ཐོག ༡༩༠༤ ནས་ ༡༩༥༩ བར་གྱི་བོད་ཀྱི་སྲིད་དོན་རྒྱལ་རབས་གལ་ཆེའི་རིགས།
- མང་གཙོའི་འཛིན་སྐྱོང་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས། སྒྲིག་གཞི་གཞན་ཁག
- དབྱིན་ཇིའི་སྐད་ཡིག་ཡར་རྒྱས་ཡོང་ཐབས་སུ་ཡོངས་གྲགས་ (ESL) ཞེས་པ་ཡར་ཐོན་དཔེ་མཚོན་དང༌། དབྱིན་ཡིག་སུམ་རྟགས། བརྗོད་ཚིག དག་ཆ། ལས་བྱེད་ཡིན་པའི་ངོ་བོ་མཚོན་པའི་འབྲི་རྩོམ་དང༌། གཏམ་བཤད་བྱེད་སྟངས་སོགས།
- བོད་མིའི་སྒྲིག་འཛུགས་ཀྱི་དགོས་མཁོ་དང་འཚམས་པའི་རྩིས་ཀྱི་སློབ་འཁྲིད་གནང་རྒྱུ།
- ལས་དོན་འཆར་གཞི་བཟོ་སྟངས་དང་ལག་བསྟར་སྟངས་འཛིན་བྱེད་ཕྱོགས།
- སློབ་གྲྭའི་ཤེས་ཡོན་དང༌། རྒྱལ་སྤྱིའི་འབྲེལ་བ། གྲོང་གསེབ་ཡར་རྒྱས། མི་མང་གི་འཕྲོད་བསྟེན་ཡར་རྒྱས།
- ལས་དོན་གོ་སྒྲིག་གི་ཤེས་འཇོན་རིམ་པ་དང་པོ་དཀའ་རྙོག་སེལ་ཐབས་དང༌། རྩོད་རྙོག་འདུམ་སྒྲིག་བྱེད་སྟངས།
- གོ་སྒྲིག་གི་རིམ་པ་གཉིས་པ། ལས་འཆར་འགྲེལ་བརྗོད་དང་འབྲེལ་མཐུད་བྱེད་སྟངས། ལས་བསྡོམས་བཟོ་སྟངས། ལས་ཁུངས་ཀྱི་འཆར་འཕར་ལས་དོན་བྱེད་ཕྱོགས།
- ཀློག་ཀླད་བེད་སྤྱོད་བྱེད་སྟངས་བཅས་སོ།
ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༢ ཟླ་ ༠༣ ཚེས་ ༡༧ ལ།།
འབྲེལ་ཡུལ་ཁ་བྱང༌།
Secretary,
Public Service Commission, Email: [email protected]
CTA Gangchen Kyishong, Tele: 01892-222328,
Dharamsala-176215, Telefax: 01892-226240
Distt Kangra, H.P India.