༢༠༡༢ ཟླ་ ༣ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་དཔལ་ལྡན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ ཉིན་བྲག་མགོའི་འབྲོག་སར་རྒྱལ་གཅེས་དཔའ་བོ་ཡེ་ཤེས་རིག་གསལ་དང། ཡེ་ཤེས་བསམ་འགྲུབ། ཡོན་ཏན་བཟང་པོ་སོགས་དམར་གསོད་དང་འཛིན་བཟུང་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བ། ཕྱི་ལོ་ ༢༠༡༢།༢།༩ མཚན་གུང་བོད་ནང་གི་ཆུ་ཚོད་དང་པོ་ཙམ་ལ་དྲག་ཆས་དམག་མི་ཕོན་ཆེན་ས་གནས་ ༡ དཀྲོ་པ་ལུང་པ་དང་། ༢ སྒ་ལྟག ༣ རྒྱས་རྒྱོང་སྒང་སོགས་ཁག་གསུམ་དུ་བགོས་ཏེ་ཞི་རྒོལ་བ་ཡེ་ཤེས་རིག་གསལ་སོགས་གསོད་རྡུང་བྱེད་དུ་སོང་འདུག ཉིན་དེའི་ཞོགས་པར་རྒྱ་དམག་གིས་ཡེ་ཤེས་རིག་གསལ་ཚང་གི་དགུན་ཁང་ (འབྲོག་སར་ཡོད་པའི་དགུན་ཁ་སྡོད་སའི་ཁང་པ་) གི་མཐའ་སྐོར། སྐབས་དེར་ཁོང་ཚོའི་ནང་མི་ཞིག་ཕྱིར་ཐོན་སྐབས་དམག་མི་གཅིག་ཉེ་འགྲམ་དུ་འོང་བཞིན་པ་མཐོང། དེ་མ་ཐག་ཁོ་ནང་དུ་རྒྱུགས་ཏེ་ནང་མི་རྣམས་ལ་བརྡ་ལན་སྤྲད།
འོན་ཀྱང་ཁོམ་ལོང་མེད་པར་ཁང་པའི་ཕྱི་ནས་མེ་མདས་དྲག་ཆར་ཕབ་སྟེ་སྐབས་དེར་ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བཏང་བར་མ་ཟད། སྤུན་ཡོན་ཏན་བཟང་པོའི་སྐེེ་ལ་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་འདུག
ད་དུང་ཁོང་ཚོའི་ཨ་མ་ལོ་ན་བདུན་ཅུ་ཡས་མས་ཡིན་པའི་མ་སངས་ལྷའི་ལག་པ་གཡོན་པར་མེ་མདའ་བརྒྱབ་སྟེ་ལག་མགོ་གཏོར་ཡོད་པ་དང་། ཁོང་ཚོས་གཉེན་ཉེ་དྭ་ཕྲུག་བུ་མོ་ཆུང་ཆུང་གཉིས་དང་ཡོན་ཏན་བཟང་པོའི་བུ་མོ་ཆུང་ཆུང་གསུམ་བཅས་ལྔ་ལའང་རྨས་སྐྱོན་ཕོག་འདུག དྲག་ཆས་རྒྱ་དམག་གིས་ཁང་པའི་ཕྱོགས་ཡོངས་ནས་མེ་མདས་གཙགས་ཏེ་ཁང་པ་ཡང་རྩབ་ཧྲལ་དུ་བཏང་འདུག ཡེ་ཤེས་བསམ་འགྲུབ་ཀྱི་བཟའ་ཟླ་རྣམ་སྒྲོན་གྱིས་རང་གི་བུ་ཕྲུག་བཞི་ཁང་པའི་ཟུར་ཞིག་ཏུ་མནན་ཏེ་ཡིབ་ཐུབ་ཙམ་བྱུང་། སྐབས་དེར་རྒྱ་དམག་གིས་ཁང་སྒོ་གཏོར་ནས་ནང་དུ་ཐོན་ཅིང་བཟའ་ཟླ་རྣམ་སྒྲོན་ལ་ལག་ལྕགས་བརྒྱབ་སྟེ་ཕྱི་ལོགས་སུ་བསྡམས་འདུག
རྒྱ་དམག་གིས་ཧམ་སེམས་ཆེན་པོའི་ཐོག་ཁང་པའི་ནང་གི་པང་གཅལ་ཡན་ཆད་བཀོག་སྟེ་སྔོག་བཤེར་བྱས་ཤིང་ཁོ་ཚོའི་ནང་དུ་སྒོར་མོ་ ༦༢༠༠ ཡོད་པ་དེ་དང་འདས་པོ་ཡེ་ཤེས་རིག་གསལ་ལ་རྩ་ཆེན་གྱི་གསེར་སྐུ་ཞིག་ཡོད་པ་དེ་ཡང་ཕྲོགས་ཡོད་པར་མ་ཟད། སྦག་སྦག་གསུམ་ཡོད་པ་དེ་ཡང་མེར་སྲེག་བཏང་འདུག
ཐ་ན་སྒོ་ཁྱི་ཡན་ཆད་མེ་མདས་བསད་ཅིང་ཁྱི་བསད་པའི་རོ་ཡང་མ་བཞག་པར་ཁྱེར་འདུག རྒྱ་དམག་ཚོས་ཚད་ལས་བརྒལ་བའི་བརྙས་བཅོས་ཀྱིས་ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་འགྲུབ་གཉིས་ཀྱི་སྐུ་ཕུང་གི་སྐེ་ལ་ཐག་པ་བསྐོན་ནས་འབྲོག་སའི་རི་གདོང་ནས་མར་འདྲུད་དེ་འགྲོ་བ་དངོས་སུ་མཐོང་འདུག ཡོན་ཏན་བཟང་པོའི་སྐེ་ལ་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཧ་ཅང་ལྕི་ནའང་རྫོང་ཉེན་རྟོག་ལས་ཁུངས་སུ་ཁྲིད་ཅིང་ཉེས་རྡུང་ཚད་མེད་བཏང་སྟེ་ཁ་ནས་ཁྲག་ལིང་དམར་ལྷོག་ལྷོག་སྐྱུག་གིན་ཡོད་པ་ཉེ་འཁོར་མི་རྣམས་ཀྱིས་དངོས་སུ་མཐོང་འདུག ཡེ་ཤེས་རིག་གསལ་སྤུན་གསུམ་གྱི་མ་སངས་ལྷ་དང་། རྨས་སྐྱོན་ཕོག་པའི་བུ་མོ་ཆུང་ཆུང་ལྔ་བཅས་ད་སྐབས་དཀར་མཛེས་སྨན་ཁང་དུ་བསྡད་ཡོད་ཀྱང་མ་སངས་ལྷའི་ལག་པ་གཡོན་པའི་ལག་མགོ་གཅོད་དགོས་བྱུང་འདུག རང་ལོ་ ༧༡ ཡིན་པའི་ཁོང་ཚང་གི་ཕ་དགའ་རབ་ཉི་མ་སྐབས་དེར་འབྲོག་སར་མེད་པས་རྨས་སྐྱོན་སོགས་བྱུང་མེད་ནའང་ད་ལྟའི་ཆར་སྙིང་རླུང་འཕར་ནས་སྨན་ཁང་དུ་ལུས་ཡོད་འདུག
ཡང་གོང་ཚེས་ཉིན་དྲག་དམག་ཤོག་ཁག་གཅིག་གིས་རི་སྒང་དུ་ཞི་རྒོལ་བ་མྱུལ་བཞིན་པའི་སྐབས་རང་ལོ་ ༤༠ ཡས་མས་ཀྱི་བྲག་མགོ་དགོན་པའི་གྲྭ་ཚེ་རིང་རྒྱལ་མཚན་རྒྱ་དམག་གི་ལག་ཏུ་ཐེབས་ཅིང་ཉེས་རྡུང་ཚད་མེད་བཏང་སྟེ་སྒལ་ཚིགས་བཅགས་འདུག
ད་སྐབས་ཁོང་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་ཤི་གསོན་ཅི་བྱུང་སོགས་གནས་ཚུལ་གསལ་པོར་གོ་རྟོགས་ཐུབ་མི་འདུག དངོས་བདེན་གྱི་གནས་ཚུལ་འདི་དག་གི་སྟེང་ནས་རྒྱ་གཞུང་གིས་རྒྱུན་དུ་རྫུན་སྒྲིག་བྱེད་བཞིན་པའི་ཚད་ལས་བརྒལ་བའི་བྱ་སྤྱོད་རྣམས་དམར་རྗེན་དུ་ཕྱི་ལ་ཐོན་ཡོད་པར་མ་ཟད། གུང་ཁྲན་ཏང་གིས་ཕྱི་ནང་མི་མཐུན་པའི་རྫུན་གཡོ་རྣམས་ཅི་འདྲའི་གདུག་རྩུབ་ཆེ་བར་ཡང་གནས་སྟངས་འདིའི་ཐོག་ནས་འཛམ་གླིང་མི་མང་ཡོངས་ལ་ར་སྤྲོད་གསལ་པོར་བྱས་ཡོད།
བྲག་མགོའི་འབྲོག་སར་རྒྱལ་གཅེས་དཔའ་བོ་ཁག་གཅིག་དམར་གསོད་དང་བཙོན་འཇུག་བྱས་པ།
གསར་གནས།
འབྲེལ་གནས།