༢༠༡༢ ཟླ་ ༣ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༣ ཉིན་གྱི་ཕྱེད་ཡོལ་ ༣ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བཀའ་སྤྱི་ཐུན་མོང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་ཐོག་མར་ཕྱི་དྲིལ་ལས་ཁུངས་གསར་འགོད་འབྲེལ་མཐུད་པ་བློ་བཟང་ཆོས་གྲགས་ལགས་ཀྱིས་ངོ་སྤྲོད་གནང་རྗེས་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་ལྷན་ཞུགས་ཐོག་ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་སྐབས་བཀའ་ཁྲི་མཆོག་གིས་གསུང་དོན། འདི་གར་ཕེབས་པའི་རྣམ་པ་ཚོར་འཚམས་འདྲི་ཞུ་རྒྱུ་ཡིན། ཚང་མས་མཁྱེན་གསལ་ལྟར། གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ནང་ཡོད་པའི་དོན་ཚན་བརྒྱད་ལ་བཀའ་ཤག་གིས་རྒྱབ་སྐྱོར་ཡོད་ཅེས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་ལ་ཞུས་པ་ཡིན། དེ་རིང་ཡང་བསྐྱར་རྒྱབ་སྐྱོར་ཡོད་ཅེས་ཞུ་རྒྱུ་ཡིན། གོང་དུ་ཚོགས་གཙོ་མཆོག་གིས་གསལ་བཤད་གནང་བ་ལྟར་གྲོས་ཆོད་ནང་འཁོད་ཡོད། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་སུམ་ཅུ་བྱུང་ཡོད་པའི་ཁྲོད་ནས་མི་ ༢༢ འདས་གྲོངས་སུ་གྱུར་ཡོད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་ནས་མཁྲེགས་བཟུང་གི་སྲིད་བྱུས་ལས་བྱུང་བ་ཞིག་རེད། མཁྲེགས་བཟུང་གི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུའི་ལམ་གཞན་དག་རྩ་བ་མེད་སྟབས་དེ་ལྟར་གནང་དགོས་ཐུག་གི་ཡོད། རྒྱལ་ཁབ་གཞན་ནང་ཁྲོམ་སྐོར་དང་སྦྱར་ཡིག་སོགས་སྦྱར་ཆོག་གི་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་སྲིད་བྱུས་འོག་ལ་ཞི་རྒོལ་བྱ་རྒྱུའི་ལམ་གཞན་དག་རྩ་བ་མེད་སྟབས་རང་ལུས་མེར་སྲེག་གཏོང་དགོས་ཐུག་ཡོད་པ་དེ་ཧ་ཅང་གསལ་པོ་རེད། འདི་ལོ་གཅིག་པུར་བོད་མི་བརྒྱད་ཀྱིས་ཞི་རྒོལ་བྱས་པར་རྒྱ་ནག་གཞུང་ནས་མེ་མདའ་བརྒྱབ་སྟེ་རྐྱེན་འདས་སུ་གྱུར་ཡོད། གཞིས་ལུས་བོད་མི་རྣམས་ནས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད་དང་བོད་མིར་རང་དབང་དགོས་པའི་འཐབ་རྩོད་གནང་བཞིན་ཡོད། དེ་བཞིན་བཀའ་སྤྱི་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་ཆེད་ཕེབས་གནང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཡོད། ཕྱོགས་མཚུངས་ཨ་རིའི་ནིའུ་ཡོཀ་ཏུ་བོད་མི་གསུམ་གྱིས་ཟས་བཅད་ངོ་རྒོལ་གནང་བར་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཕེབས་ཏེ་བོད་ནང་དངོས་ཡོད་གནས་སྟངས་གང་ཡིན་ཞིབ་འཇུག་བྱེད་མཁན་གཏོང་གི་ཡིན་ཞེས་ཡིག་ངག་གཉིས་ཀྱི་ཐོག་ནས་གསུངས་ཡོད་པ་གོ་ཐོས་བྱུང་། དེས་རྒྱལ་སྤྱི་སྤྱི་ཡོངས་ཐོག་ནས་ལྟ་སྐབས་བདེན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་སྟོན་བྱེད་ཐུབ་པ་བྱུང་ཡོད་པ་རེད་བསམས་ཀྱི་འདུག དེ་དག་ནི་བོད་ནང་གི་བོད་མིས་བློས་གཏོང་བྱས་པའི་རེ་འདུན་ལ་རྒྱལ་སྤྱིའི་ཐོག་ནས་ཕྲན་བུ་ངོས་འཛིན་གནང་བ་ཆགས་ཡོད། ཅེས་སོགས་གསུངས་རྗེས་དེ་མཚུངས་དབྱིན་སྐད་ཐོག་གསུངས་ཡོད། དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་མཆོག་ཀྱང་ཆེད་བཅར་གནང་ཡོད་པ་བཅས། །