སྔོན་གླེང་།
༄༅། ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱ་འགོ་བཙུགས་པ་ནས་བཟུང་དྲག་ཆར་རླུང་འཚུབ་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་ཏེ། བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་ཡོད་པ་དང་། དགོན་སྡེ་ ༦༠༠༠ ལྷག་གཏོར་བཅོམ། རང་བྱུང་གཏེར་ཁ་སྔོག་འདོན། ནགས་ཚལ་གཅོད་འབྲེག སྲོག་ཆགས་བསད་བཟུང་སོགས་སྣོད་བཅུད་གཉིས་ཀར་གཏོར་བཤིག་ཚད་མེད་བཏང་སྟེ། བོད་མི་རྣམས་རང་ཡུལ་དུ་མུ་མཐུད་འཚོ་གནས་ལ་སྒོ་ཀུན་ནས་ཉེན་ཁ་འཕྲད་ཅིང་། མི་ཐོག་རིམ་བརྒྱུད་ཀྱིས་ཞི་བའི་ལམ་ནས་རེེ་འདུན་ནམ་བཏོན་ལ་དྲག་གནོན་འབུར་འཇོམས་ཀྱི་རྩུབ་སྤྱོད་ལག་བསྟར་བྱས་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་མངོན་སུམ་འཛེམས་མེད་ཀྱིས་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་དང་། ཞི་རྒོལ་བའི་ཐོག་དྲག་གནོན་དམར་གསོད་དང་མནར་གཅོད་རྡུང་རྡེག་ཚད་ལས་འདས་པ་སྔར་དང་མ་འདྲ་བ་བཏང་བ་དང་། ཞི་བའི་ལས་འགུལ་ཤུགས་ཆེན་སྤེལ་སྐབས་རྒྱ་གཞུང་གིས་ཉན་ཤེས་མེད་པར་མུ་མཐུད་དྲག་གནོན་དང་། མཁྲེགས་བཟུང་གི་སྲིད་བྱུས་འགྱུར་བ་སྤུ་ཙམ་མེད་པ་མུ་མཐུད་ལག་བསྟར་བྱེད་བཞིན་པས། བོད་རིགས་རྒན་དར་གཞོན་གསུམ་ནས་བཟོད་ཐབས་བྲལ་ཏེ་རང་ལུས་ཞུགས་འབུལ་གྱི་ལམ་ནས་རང་གི་འདོད་འདུན་གསལ་སྟོན་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་རྩོམ་དགོས་བྱུང་ཡོད།
ཕྱི་ལོ་ ༢༠༠༩ ནས་བཟུང་བོད་རྔ་པ་དང་། རྟའུ། དཀར་མཛེས། ཆབ་མདོ། ཁྲི་འདུ། ཐེམ་ཆེན། དར་ལག རྨ་ཆུ། རེབ་གོང་བཅས་སུ་རང་རིགས་སེར་སྐྱ་ཕོ་མོ་ ༢༨ ཀྱིས་རང་ལུས་ཞུགས་འབུལ་གནང་སྟེ། སེར་སྐྱ་ ༢༠ སྐུ་སྲོག་ཤོར་ཡོད་པ་དང་། གཞན་རྣམས་ཀྱི་གནས་སྟངས་ཇི་ཆགས་ཤེས་རྟོགས་ཐུབ་མེེད། ད་བར་རང་ལུས་ཞུགས་འབུལ་གནང་མཁན་ ༣༠ དང་སྐུ་སྲོག་ཤོར་བ་ ༢༢
དེ་བཞིན་ཉེ་ཆར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས། རྒྱ་གཞུང་སྤྱི་བདེ་ལས་བྱེད་དང་དྲག་ཆས་ཉེན་རྟོག་མི་སྣས་ཞི་རྒོལ་མང་ཚོགས་ཁྲོད་མདེལ་ཆར་ཕབས་ཏེ། བྲག་འགོ་རྫོང་དུ་མི་ ༤ དང་། གསེར་རྟ་རྫོང་དུ་མི་ ༢ ཛམ་ཐང་རྫོང་དུ་མི་ ༡ མགོ་ལོག་པདྨ་རྫོང་དུ་མི་ ༡ བཅས་དམར་གསོད་བཏང་ཡོད། འདི་ལོ་ཕྱི་ཟླ་ ༢ ཚེས་ ༨ ཉིན་གོང་གསལ་རྫོང་ཁག་དང་། རྫ་སྟོད། ནང་ཆེན། ཁྲི་འདུ། འབར་ཁམས། པད་མ། ཆབ་ཆ། འབྲི་རུ་སོགས་སུ་མང་ཚོགས་ཀྱིས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ལྷག་དཀར་སྲུང་བརྩི་དང་འབྲེལ་བའི་བོད་མིའི་རང་དབང་རྩོད་ལེན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད།
ཉེ་དུས་རྒྱ་གར་དང་བལ་ཡུལ་ནང་དུས་དབང་དང་གནས་མཇལ་དུ་ཕེབས་མཁན་གྱི་བོད་མི་རྣམས་ཕྱིར་ལོག་སྐབས། རྒྱ་བོད་ཀྱི་ས་མཚམས་སུ་སྔོག་བཤེར་ཚ་ནན་གྱིས་བྱིན་རླབས་དང་དངོས་ཆས་སོགས་འཕྲོག་བཅོམ་བྱས་པ་དང་། ལྷ་སར་བོད་མི་བརྒྱ་ཕྲག་དུ་མ་འབོད་འགུག་བཀག་བསྐྱིལ་གྱིས་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་བྱས་ཡོད་པ་མ་ཟད། མདོ་སྟོད་སྨད་གཉིས་ཀྱི་བོད་མི་མང་པོ་ཞིག་ལྷ་ས་ནས་བཙན་ཤེད་ཀྱིས་ཕྱིར་འབུད་བཏང་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ། སྐབས་འཕྲལ་སོ་སོར་རྒྱ་ནག་གཞུང་ལ་འབོད་སྐུལ་དང་། སྲིད་འཛིན་ཧུའུ་ལ་སྙན་ཞུ་འབུལ་གཏོང་
སྐུ་ཚབ་ཆེད་བཅར་གྱིས་ལྡི་ལིར་བཅའ་བཞུགས་གཞུང་ཚབ་ཁག་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་སྐུལ་བཅས་ཞུས་ཡོད་པ་དང་། དེ་བཞིན་བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བླ་ཆེན་རྣམ་པ་དབུ་བཞུགས་ཀྱི་མཆོད་འབུལ་སྨོན་ལམ་དང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་ལ། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། བོད་དོན་རྒྱབ་སྐྱོར་བ། བོད་མི་བཅས་ནས་ཀྱང་རྣམ་པ་ཅི་རིགས་ཀྱི་སྒོ་ནས་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་ཅིང་ད་དུང་ཡང་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་བཅས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་རྗེས་དྲན་གྱིས་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་འབྲེལ། རྒྱ་ནག་གཞུང་གིས་བོད་དང་བོད་མིའི་འབོད་སྒྲར་ཡ་ལན་བདག་སྤྲོད་ཚུལ་མཐུན་བྱ་དགོས་པ་དང་། འཛམ་གླིང་རྒྱལ་སྤྱིའི་ཁྱོན་ནས་ཀྱང་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་བོད་ནང་གི་དཀའ་སྡུག་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་དང་འགྲོ་བཞིན་པ་བཅས་ལ་སྔར་ལས་ལྷག་པའི་བདེན་རྒྱབ་དཔུང་རོགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་སོགས་ཀྱི་གྲོས་ཆོད་ཅིག་འཇོག་དགོས་ཤིན་ཏུ་གལ་འགངས་ཆེ་བར་མཐོང་།
གྲོས་ཆོད།
༡༽ གཞིས་བཞུགས་བོད་མི་རྣམས་ཀྱིས་རང་ཡུལ་ནང་རྒྱ་དམར་གྱི་དྲག་རྩུབ་ཀྱི་བཙན་གནོན་ཁོ་ནའི་འོག་དཀའ་སྡུག་རྒྱུན་མི་ཆད་དུ་མྱངས་དགོས་ལ་འུ་ཐུག་ཐབས་མེད་བཟོད་བྲལ་དུ་གྱུར་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་རྣམས་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་གདུང་འབོད་ཤུགས་དྲག་དང་བཅས་རང་ལུས་ཚུན་ཞུགས་འབུལ་གྱིས་ལེགས་སྐྱེས་སུ་འབུལ་གནང་གི་གཟི་བརྗིད་ལྡན་ཞིང་། བློས་བཏང་ཆེན་པོའི་དཔའ་མཛངས་ཀྱི་སྙིང་སྟོབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་དང་འབྲེལ་རྩ་ཆེའི་སྐུ་སྲོག་ཤོར་བ་རྣམས་དང་། འཛིན་བཟུང་དོ་དམ་འོག་སྡུག་སྦྱོང་མནར་གཅོད་མི་ཟད་པ་མྱོང་བཞིན་པ་བཅས་ལ་སྙིང་དབུས་ནས་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་ཆབས་གཅིག་རྒྱ་གཞུང་གིས་འཚེ་མེད་ཞི་བའི་ལས་འགུལ་བའི་དགོས་འདུན་ཁག་ལ་ཡ་ལན་བདག་སྤྲོད་བྱ་རྒྱུའི་རྣམ་པ་ཙམ་ཡང་མེད་པར་དྲག་གནོན་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་ཡིན།
༢༽ རྒྱ་ནག་དམར་གཞུང་གིས་བོད་མིའི་ཐོག་བཙན་གནོན་གྱི་སྲིད་བྱུས་ཐབས་སྡུག་འདི་རིགས་འཕྲལ་ནས་མྱུར་དུ་མཚམས་འཇོག་གིས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་འཁོད་ཡོད་པའི་མི་རིགས་རང་སྐྱོང་དང་། གཞི་རིམ་གྱི་ཐོབ་ཐང་ཁག་ལག་བསྟར་དོན་འཁེལ་ངེས་པར་ཡོང་བའི་འགན་ལེན་བྱ་དགོས།
༣༽ དེའི་ཕྱིར་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་དེ་དག་དངོས་སུ་ལག་བསྟར་ཡོང་ཆེད་བོད་རྒྱ་གཉིས་དབར་ཞི་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་བྱ་དགོས།
༤༽ བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་སྤྱིའི་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་གཏོང་བྱ་དགོས་པ་དང་། དེ་མིན་དངོས་ཡོད་གནས་སྟངས་འཚོལ་ཞིབ་བྱེད་པོའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པ་བོད་ནང་འཕྲལ་མར་ཡོང་འཇུག་དགོས། དེ་བཞིན་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་པ་རྣམས་དང་། ཚོགས་སྡེའི་སྐུ་ཚབ། སྒེར་པའི་ཡུལ་བསྐོར་སྤྲོ་འཆམ་པ་ཚོར་བོད་ནང་འགྲོ་ཆོག་པའི་རང་དབང་སྤྲོད་དགོས།
༥༽ རྒྱ་གཞུང་གིས་བོད་ནང་འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་དང་བོད་མི་འབྲོག་པ་རྣམས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་སོགས་ཀྱིས་བོད་དུ་རྒྱའི་མི་འབོར་གནས་སྤོ་བྱེད་པའི་ཆ་རྐྱེན་རྒྱ་ཆེ་བསྐྲུན་ཏེ་ཕ་མེས་ནས་བརྒྱུད་པའི་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་བརླག་ཏུ་གཏོང་རྒྱུའི་ཕུགས་བསམ་ངན་ཞིང་། བོད་མིའི་སེམས་ཚོར་ལ་དོ་ཕོག་འགྲོ་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དངོས་སུ་ལག་བསྟར་བྱས་དང་བྱེད་བཞིན་པ་རྣམས་འཕྲལ་མྱུར་མཚམས་འཇོག་གིས་ཡུལ་གྱི་བདག་པོ་བོད་མི་རྣམས་ལ་འཕྲལ་ཕུགས་བདེ་ཐབས་ཀྱི་ཁེ་ཕན་དང་། ཐོབ་ཐང་གང་ཅིར་བལྟ་སྐྱོང་གི་འགན་ལེན་ངེས་པར་བྱ་དགོས།
༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་བཏང་སྟེ་ད་ལྟའི་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས།
༧༽ འཛམ་གླིང་གི་དབུ་ཁྲིད་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོར་དྲང་བདེན་གྱི་གནས་ལུགས་གསེད་དཀྲོལ་གནང་སྟེ། བོད་མིའི་དགོས་འདུན་རྣམས་འགྲུབ་ཐབས་དང་ཚེ་སྲོག་སྐྱོབ་ཐབས་བཅས་པར་ནུས་ཐོན་གྱི་འགན་འཁུར་འཕྲལ་མར་ལེན་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ།
༨༽ ད་ཕན་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་དང་། བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་པ་དང་། གྲོས་ཚོགས་ནང་གྲོས་ཆོད་བཞག་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རྒྱ་རིགས་མང་གཙོ་ལས་འགུལ་གྱི་ཚོགས་པ་ཁག དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་སྐྱེ་བོ་སྒེར་བཅས་ཡོངས་ཀྱིས་འཚེ་མེད་ཞི་བའི་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། ད་དུང་བོད་དོན་བདེན་མཐའ་གསལ་ཐབས་སྤྱི་དང་། ལྷག་པར་དེང་སྐབས་བོད་ནང་གི་ཛ་དྲག་དཀའ་ངལ་རྣམས་འཕྲལ་ནས་མྱུར་དུ་སེལ་བའི་བདེན་རྒྱབ་དཔུང་རོགས་སྔར་བཞིན་ཡོང་བ་ཞུ་རྒྱུ། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་བོད་ནང་ཛ་དྲག་གི་གནས་སྟངས་ལ་རྟོག་ཞིབ་ཆེད་འཕྲལ་དུ་སྐུ་ཚབ་བསྐོ་གཏོང་ཡོང་བའི་འབོད་བསྐུལ་བསྐྱར་ནན་དུ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ལ།།
གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འདི་བཞིིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།