༢༠༡༢ ཟླ་ ༣ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༡ འཁོར་བའི་ལོ་འཁོར་ཚོགས་ཆེན་རྒྱས་པ་དང་ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།
དེ་ཡང་མཛད་སྒོར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་སྡེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་རྣམ་གཉིས་ཀྱིས་གཙོས་སྤྱི་འཐུས་ཚོགས་གཞོན་མཆོག དེ་བཞིན་སྨན་རྩིས་ཁང་གི་འགན་འཛིན་རྣམ་པ་དང་ལས་བྱེད་ལས་ཟུར་རྣམ་པ་སོགས་འདི་གར་ཕེབས་པའི་རྣམ་པ་ཚོར་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་ང་གཅིག་འཁོར་བའི་ལོ་འཁོར་ཚོགས་ཆེན་རྒྱས་པ་དང་ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་སམ་མཇུག་སྐྱོང་གི་མཛད་སྒོར་དངོས་སུ་བཅར་རྒྱུ་བྱུང་བར་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། སྨན་རྩིས་ཁང་གི་ལོ་རྒྱུས་ལ་ལྟ་སྐབས་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་སྟེ། ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་དེ་དག་ཕལ་ཆེར་ཏག་ཏག་སྨན་རྩིས་ཁང་ཆགས་འདུག་བསམ་པ་བྱུང་། གང་ལ་ཞེ་ན། བོད་ས་ཤོར་ནས་ང་ཚོ་ཐབས་སྐྱོ་པོའི་གནས་སྟངས་འོག་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་བ་རེད། འོན་ཀྱང་འདི་གར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་དང་ལམ་སྟོན་གཞིར་བཟུང་ཚོགས་པ་མང་དག་ཅིག་བཙུགས་ཡོད། འོན་ཀྱང་དེ་དག་ཁྲོད་ནས་དང་ཤོས་སྨན་རྩིས་ཁང་འདི་ཆགས་ཡོད། དེ་དུས་བོད་ནས་ཕེབས་མཁན་གྱི་སྨན་པ་དང་ལས་བྱེད་པ་ཚང་མས་ཆིག་སྒྲིལ་ཐོག་ནས་སྐུ་ལས་བསྐྱོན་ཏེ། གསོ་བ་རིག་པ་དང་རྩིས་རིག་དེ་དག་སྲོལ་རྒྱུན་གཞི་བཞག་སྟེ་རིམ་བཞིན་གསར་གཏོད་ཐོག་ནས་ཡར་རྒྱས་བཏང་ཡོད། ང་ཚོར་རང་དབང་ལྡན་པའི་ཚོགས་པ་ཁག་མང་པོ་ཡོད་ཀྱང་དེའི་ནང་ནས་སྨན་རྩིས་ཁང་འདི་རང་ཁ་རང་གསོ་ཆགས་པ་དེ་དངོས་གནས་མིག་དཔེ་བཟང་པོ་ཆགས་ཡོད། དེ་དག་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་ཐོག་རྒན་པ་ཚོ་དང་དེ་བཞིན་ལས་བྱེད་རྣམས་ཀྱིས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལས་བྱུང་བ་ཞིག་རེད། དེར་བརྟེན་དེ་དག་རྩ་ཆེན་ཞིག་ལ་ངོས་འཛིན་གནང་སྟེ་མུ་མཐུད་ནས་གསར་གཏོད་སོགས་ཀྱི་སྒོ་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། དེ་བཞིན་སྨན་གཏོང་སྟངས་དང་བརྟག་ཞིབ་བྱེད་སྟངས་དེ་དག་དུས་རབས་ཉེར་གཅིག་གི་ཚད་དང་ལྡན་པའི་ཞིག་ཡོང་ཆེད་མི་ནི་སོ་ཊར་སོགས་ཀྱི་མཐོ་སློབ་དང་མཉམ་འབྲེལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་སྨན་དེ་ཁྲག་ཤེད་དང་མཆིན་ནད་སོགས་ལ་ཚན་རིག་པས་ཉམས་ཞིབ་བྱས་པའི་ཐོག་ནས་ཕན་ཐོགས་ཡོང་གི་ཡོད་ཅེས་གསུངས་པ་ལྟར། ནད་གཞི་གཞན་ལ་ཡང་ཉམས་ཞིབ་བྱས་པའི་སྒོ་ནས་ཐུགས་ཕན་གསོ་བ་འདུག་ཅེས་ཚན་རིག་ཐོག་ནས་ཁུངས་ལྡན་ཡོང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། གསར་གཏོད་གཞི་བཞག་སྒོ་ནས་བོད་ཀྱི་གསོ་བ་རིག་པའི་སྨན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྨན་གཞན་ལས་ཚད་མཐོ་ཤོས་དང་ཕོན་ཆེ་ཤོས་བྲིན་ཐུབ་རྒྱུ་དང་། དེ་བཞིན་སྨན་རྩིས་ཁང་རང་ཁ་རང་གསོ་བྱེད་ཀྱི་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཡིན་རུང་རང་ཁ་རང་གསོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུང་བཤད་གནང་ཡོད།
བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༡ འཁོར་བ་དང་ལྔ་བཅུའི་དུས་དྲན་གྱི་མཇུག་བསྡོམས་མཛད་སྒོར་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།