༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་སུད་སིར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེང་སྐབས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པར་བརྟེན། རྒྱལ་སྤྱིའི་ཚོགས་པ་ཁག་གིས་འཕྲལ་མར་བར་བཞུགས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བཞུགས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་རིགས་སྤེལ་ཚེ་རྗེས་འབྲས་ཇི་བྱུང་སྔོན་དཔག་ཐུབ་པར་བརྟེན། ལས་འགུལ་དེ་རིགས་མ་སྤེལ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསལ་བཤད་གནང་ཡོད། གཞན་ཡང་སྐབས་དེར་བྱང་ཀོ་རི་ཡ་དང་(North Korea ,Cuba)ཁུ་བྷ། དེ་བཞིན་རྒྱ་ནག་སྐམ་ས་བཅས་ཀྱི་སྐུ་ཚབ་སོགས་ནས་ཁུལ་སོ་སོའི་རྒྱལ་ཁབ་ཏུ་འགྲོ་བ་མིའི་ཐོབ་ཐང་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་གཏམ་བཤད་བྱས་ཡོད། ཐེངས་འདིར་སྐལ་ལྡན་མཚོ་མོ་ལགས་ཀྱིས་སུད་སི་བུད་མེད་ལྷན་ཚོགས་ཀྱི་ངོ་ཚབ་ཐོག་མཉམ་འབྲེལ་རྒྱལ་ཚོགས་སུ་ལྷན་བཅར་ཞུས་པ་ཞིག་ཡིན་འདུག་པ་བཅས།།
ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།