༢༠༡༢ ཟླ་ ༣ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༨ ཉིན་བལ་ཡུལ་གཞུང་གིས་ཁུལ་དེར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་སྒོ་རྒྱག་དགོས་པའི་བཀོད་ཁྱབ་བཏང་རྗེས་ད་ཆ་ལས་ཁུངས་དེ་བཞིན་དངོས་སུ་སྒོ་རྒྱག་དགོས་ཐུག་ཡོད། གནད་དོན་དེའི་ཐད་འདི་ཟླའི་ཚེས་ ༢༡ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དབྱིན་ཡུལ་སྐུ་ཚབ་མཆོག་གིས་བལ་ཡུལ་བོད་མི་སྐྱབས་བཅོལ་བའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད། དེ་བཞིན་འདུ་འཛོམས་ཀྱི་རང་དབང་བཅས་ལ་ཧ་ཅང་སེམས་འཚབ་ཆེན་པོ་ཡོད་སྐོར་གསུང་དོན། དེ་སྔ་བལ་ཡུལ་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་དེ་བཞིན་ཐོག་མར་གསར་འཛུགས་སྐབས་ཀྱི་ཚོགས་མིའི་ཁུངས་སུ་བལ་ཡུལ་སྲིད་གཞུང་ཡོད་པར་བརྟེན། ལྷན་ཁང་གི་གྲོས་མཐུན་དང་ཆིངས་ཡིག་ལམ་སྟོན་སོགས་ལ་རྩ་འཛིན་ཞུ་དགོས་པའི་ཛ་དྲག་རེ་འདུན་ཞུ་རྒྱུ་དང། ད་བར་ལྷན་ཁང་གིས་བལ་ཡུལ་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། དེ་བཞིན་འདུ་འཛོམས་རང་དབང་སོགས་ལ་སྲུང་སྐྱོབ་ཆེད་ཕྱག་ལས་གང་གནང་བ་དེར་བསྔགས་བརྗོད་ཞུ་རྒྱུ་དང། བལ་ཡུལ་གཞུང་ནས་ཀྱང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་དག་སྲུང་སྐྱོབ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད། འདི་ཟླའི་ཚེས་ ༥ ཉིན་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་International Commission of Jurists དང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་Human Rights Watch བཅས་ཀྱིས་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབཐང་ལྷན་ཚོགས་ཐེངས་ ༡༩ སྐབས་བལ་ཡུལ་བོད་མི་སྐྱབས་བཅོལ་བའི་བདེ་དོན་ལ་སེམས་འཚབ་ཡོད་སྐོར་གསུངས་ཡོད། དེ་བཞིན་བལ་ཡུལ་དུ། སྒོ་རྒྱག་དགོས་ཐུག་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྙན་ཐོ་ཞིག་བཏོན་པའི་ནང་འཁོད་དོན། བལ་ཡུལ་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་(OHCHR-Nepal) ཁུལ་དེར་གནས་སྡོད་བོད་མི་སྐྱབས་བཅོལ་བ་ཚོའི་བདེ་དོན་ལ་ཧ་ཅང་བློ་འཚབ་ཡོད་པ་མ་ཟད། བལ་ཡུལ་ཉེན་རྟོག་དམག་མིས་ནང་སྲིད་ལས་ཁུངས་ཀྱིས་བཀོད་ཁྱབ་འོག་བོད་མི་ཚོའི་འགྲོ་བསྐྱོད་དང་འདུ་འཛོམས་རང་དབང་ལ་དམ་བསྒྲགས་བྱས་ཏེ་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་རྒྱུ་དང་དེ་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་སོགས་ལ་དམ་བསྒྲགས་བྱས་ཏེ་བོད་མི་གང་བྱུང་དུ་འཛིན་བཟུང་དང་བཙན་ཁྲིད་བྱས་པ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པའི་ཐབས་ལམ་དེར་གཞིག་ཚེ་ང་ཚོར་སེམས་འཚབ་མུ་མཐུད་སྐྱེ་བཞིན་འདུག ཕྱི་ལོ་ ༢༠༡༡ ཟླ་ ༦ ནང་བོད་མི་ ༡༢ གྱིས་བོད་ཀྱི་རྒྱལ་དར་འཕྱར་བར་བརྟེན་མང་ཚོགས་བདེ་དཀྲུག་Public Offences Actགི་ཁྲིམས་ལ་བསྙད་འདོགས་བྱས་ནས་བལ་ཡུལ་ཉེན་རྟོག་མི་སྣས་བདུན་ཕྲག་གསུམ་རིང་བཀག་ཉར་བྱས་མཐར་བལ་ཡུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བོད་མི་གསུམ་པོ་བཀག་ཉར་བྱས་པ་དེ་ཁྲིམས་འགལ་ཡིན་པ་ངོས་འཛིན་བྱས་ཏེ་གློད་བཀྲོལ་བཏང་ཡོད། ལོ་གསུམ་ནང་གནད་དོན་དེ་རིགས་ཐེངས་བཞི་བྱུང་ཡོད། ཅེས་སོགས་འཁོད་འདུག་པ་བཅས།།
དབྱིན་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐོབ་ཐང་ལ་སྲུང་བརྩི་དགོས་པ་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུས་པ།
གསར་གནས།
འབྲེལ་གནས།