༢༠༡༢ ཟླ་ ༣ ཚེས་ ༡༧ རེས་གཟའ་སྤེན་པ།
ཟབ་སྦྱོང་དུ་འཛུལ་ཞུགས་བྱེད་རྒྱུའི་འགེངས་ཤོག
༄༅། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་བཀའ་བསྡུར་ཞུས་པ་དང་བཀའ་སློབ་གནང་བ་གཞི་རྩར་བཟུང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༢ དབྱར་ཁའི་འདེམས་སྒྲུག་གིས་དམིགས་བསལ་ཟབ་སྦྱོང་གསལ་བསྒྲགས་ཞུ་རྒྱུ་ཡིན། ཟབ་སྦྱོང་ཚོགས་ཡུལ་ས་རཱ་མཐོ་སློབ་ཏུ་ཕྱི་ཟླ་ ༧ པའི་ཚེས་ཤར་ནས་ཟླ་བ་ ༡༡ པའི་མཇུག་བར་ཡིན། དེ་འདྲ་ཡིན་དུས་བོད་མིའི་སྒྲིག་འཛུགས་ལ་ཕུགས་གཏན་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་པ་ཆེས་མཐོའི་གཙུག་ལག་སློབ་གྲྭ་དང་མཐོ་སློབ་ཐོན་པའི་བོད་རིགས་རྣམས་ནས་གཤམ་གསལ་དུས་བཀག་ནས་མ་འགྱངས་པ་རང་ཉིད་ཀྱི་ཤེས་ཚད་ལག་འཁྱེར་དང་ཡིག་ཆ་གཞན་དགོས་ངེས་ཁག་གི་དཔར་བཤུས་གློག་འཕྲིན་མཉམ་སྦྱར་ (Email attachment) ཐོག་ངེས་གཏོང་ཡོང་བའི་བསྐུལ་མ་ཞུ་བཞིན་ཡོད།
འཕོ་འགྱུར་ཇེ་ཆེར་འགྲོ་བཞིན་པའི་འཛམ་གླིང་ནང་བོད་མིའི་སྒྲིགས་འཛུགས་འདི་བཞིན་ནུས་ལྡན་མང་གཙོའི་ལྟ་གྲུབ་ཀྱི་ཕྱོགས་སུ་མདུན་སྐྱོད་མུ་མཐུད་ཡོང་ཐབས་སུ་འཛིན་སྐྱོང་དང་སྟངས་འཛིན་གྱི་ཁྱད་ཆོས་ལྡན་པའི་ཟབ་སྦྱོང་འདི་འདས་པའི་མི་ལོ་ ༥༠ ལྷག་ནང་འཛམ་གླིང་གང་སར་བཙན་བྱོལ་དུ་གྱར་བའི་བོད་མི་རྣམས་བོད་མིའི་སྒྲིག་འཛུགས་ནས་ཤེས་འཇོན་ཉམས་མྱོང་དང་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འཛིན་སྐྱོང་བྱེད་བཞིན་པར་བརྟེན་ཟབ་སྦྱོང་འདི་ནས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུར་སེམས་ཐག་ཆོད་པ་འཛིན་སྐྱོང་སོགས་ལ་ཕུལ་དུ་ཕྱིན་པ་གང་མང་ཐོན་པའི་རེ་བ་ཡོད།
ཟབ་སྦྱོང་དུ་འཛུལ་ཞུགས་བྱེད་རྒྱུའི་འགེངས་ཤོག་དང༌། སྔོན་འགྲོའི་ཞིབ་འཇུག་བྱེད་སྟངས། དགོས་ངེས་ཆ་རྐྱེན་གཞན་ཁག ཟབ་སྦྱོང་གི་སློབ་ཚན་གཙོ་བོ་ཁག་བཅས་གཞུང་འབྲེལ་དྲ་རྒྱ་ (www.154.35.136.131) དང༌། གསར་ཤོག་ཁག བརྙན་འཕྲིན་བཅས་སུ་བཏང་ཟིན་པར་ཞིབ་འཇུག་དང་དོ་སྣང་བྱེད་དགོས། ཟབ་སྦྱོང་དུ་འཛུལ་ཞུགས་བྱེད་རྒྱུའི་འཚང་སྙན་དང་དགོས་ངེས་ཡིག་ཆ་ཁག་གི་དཔར་བཤུས་བཅས་གཤམ་གསལ་ཁ་བྱང་ཐོག་འབྱོར་དགོས་དུས་ཚེ་མཐའ་མ་ ༢༠༡༢ ཟླ་ ༥ ཚེས་ ༣༡ ཡིན་པ་འབྲེལ་ཡོད་རྣམས་ནས་བློ་ངེས་དགོས་རྒྱུ་ཅེས། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༢ ཟླ་ ༣ ཚེས་ ༡༧ ལ།།
The Secretary
Public Service Commission,
CTA Gangchen Kyishong
Dharamsala- 176215
Distt.Kangra (H.P.)
Email: [email protected]
Mobile: 9882297680
Telfax: 01892-226240 Tel: 01892-222328