༢༠༡༢ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲིས་ཀྱིས་ ༢༠༡༢ ཟླ་ ༣ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་འདི་ཚེས་ ༡༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་པའི་ཨ་རིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་གདན་ཞུས་ལྟར་ཕེབས་ཀྱིས་གསུང་བཤད་གནང་ཡོད།
ཨ་རིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་ནི་(International Tibet Network) ཚོགས་པས་གོ་སྒྲིག་ཞུས་པའི་ཚོགས་འདུ་དེ་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཨ་རིའི་མང་གཙོ་ཐེབས་རྩ་ཁང་(NED)གི་ཚོགས་ཁང་དུ་འདི་ཚེས་ ༡༦ ནས་ཉིན་གསུམ་རིང་སྐོང་ཚོགས་གནང་ཡོད་པ་དང༌། དབུ་འབྱེད་མཛད་སྒོར་གསུང་བཤད་གནང་མཁན་སྐུ་མགྲོན་གསུམ་གདན་ཞུ་བྱས་ཡོད་པ་ནི་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་དང༌། དཔལ་འབྱོར་མཁས་དབང་གྷོ་ཀྲིན་ཅང༌། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་ཚོགས་པའི་འགན་འཛིན་ཤལ་རོན་ཧོན་བཅས་ཡིན་ཞིང༌། ཁོང་གསུམ་རྣམ་པ་གསུམ་གྱིས་དུས་ཡུན་སྐར་མ་ ༢༠ རིང་གསུང་བཤད་གནང་ཡོད། དེ་གོང་ཨ་རིའི་མང་གཙོ་ཐེབས་རྩ་ཁང་གི་འགན་འཛིན་ནས་ཀྱང་གསུང་བཤད་གནང་ཡོད། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་སྐབས། སྔ་ལོ་ནས་བཟུང་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མི་མང་ནས་འོས་འདེམས་བྱས་ཡོད་པ་དང༌། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་གསོལ་རས་སྩལ་བའི་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་མུ་མཐུད་ནས་ངོ་སྤྲོད་གནང་གལ་སྐོར་དང༌། བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཅིག་པུ་མ་ཡིན་པར། རྒྱལ་སྤྱིའི་གནད་དོན་དང་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་ཡིན་པའི་སྐོར། ༸གོང་ས་མཆོག་གིས་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་སྔ་ལོ་ཕྱི་ཟླ་ ༩ པར་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དེ་ནི་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་པོ་ཞིག་ཡིན་པའི་སྐོར། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནི་སྔར་བཞིན་དབུ་མའི་ལམ་ཡིན་པའི་སྐོར། རྒྱ་རིགས་མི་མང་དང་མཉམ་དུ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་ནི་༸གོང་ས་༉༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པའི་དགོངས་གཞི་དང༌། བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་སྲིད་བྱུས་ཡིན་པའི་སྐོར་སོགས་གསུང་ཡོད་པ་རེད།
གསུང་བཤད་གནང་མཁན་གཞན་ཚོས་ཀྱང་རྒྱ་རིགས་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་དེ་ནི་ལས་ཀ་གལ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་གཅིག་གྱུར་གནང་ཡོད།
ད་རེས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེར་ཨ་རི་སོགས་ས་གནས་འདྲ་མིན་ནས་ཁྱོན་བསྡོམས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༦༠ ཙམ་མཉམ་ཞུགས་གནང་ཡོད་པ་དང༌། དེ་རིང་ཉིན་གུང་ཚོགས་འདུ་མཇུག་བསྒྲིལ་གནང་ཞིང༌། དེ་རྗེས་ཚོགས་འདུ་བ་རྣམས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་སྣེ་འཁྲིད་གནང་བའི་བོད་ལ་རྒྱབ་སྐྱོར་ཚོལ་བའི་ལས་འགུལ་ནང་མུ་མཐུད་ནས་མཉམ་ཞུགས་གནང་ཡོད་པ་བཅས། །
ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཨ་རིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།